དམངས་འཚོའི་འདུན་པ་བདེ་སྐྱིད་ལྡན་པའི་འཚོ་བ་དངོས་ལ་གྱུར་པ།
—— བོད་ཀྱིས་འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་བའི་སྐོར་བཀོད་པ།
རྩོམ་སྒྲིག་པའི་སྦྲགས་མཆན།
ས་མཐོའི་ཚོགས་འདུ་གཟབ་རྒྱས་བསུ། གངས་ལྗོངས་རྒྱང་ལམ་གསར་པར་སྐྱོད། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་འགག་རྩའི་ལོར་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་གཟབ་རྒྱས་ངང་ཚོགས་གྲབས་ཡོད་པ་དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད།
ཡིད་ཆེས་བརྟན་པོ་དང་རྒྱུན་མཐུད་འབད་འཐབ་བྱེད། དེ་རིང་ནས་བཟུང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཀུན་འདུས་སྨྱན་སྦྱོར་ལས་སྟེགས་ཀྱིས་གནས་ཚུལ་རབ་དང་རིམ་པ་སྤེལ་ནས་ཀློག་པ་པོ་དང་མཉམ་དུ་རང་ལྗོངས་ཀྱི་འདས་ཟིན་པའི་ལོ་ལྔའི་རིང་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཕྱིར་དྲན་བྱས་ཏེ། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་རྒྱལ་ཁའི་ངང་འཚོག་རྒྱུར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་བ་དང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་པར”སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བའི་རིམ་སྤེལ་འཕྲིན་སྤེལ་འགོད་རྒྱུ་ཡིན།
ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་རང་འདེམས་འཕྲུལ་ཆས་མདུན་དུ་གྲོང་མི་ཙེང་ལགས་ཀྱིས་བརྙན་ཤེལ་ནས་ལས་སླ་པོར་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུ་བྱས། ཆབ་མདོ་གྲོང་ཁྱེར་སློབ་ཆུང་དང་པོའི་ཟ་ཁང་ནས་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་བརྒྱུད་སློབ་མ་བསྟན་འཛིན་ཆོས་འཕེལ་གྱིས་རིན་མེད་དགུང་ཟས་ལོངས་སུ་སྤྱད། གེགས་རྗེས་བསྐྱར་སྐྲུན་བྱས་པའི་སྡོད་ཁང་གསར་པ་རེ་རེ་མཐོང་སྐབས་གཞིས་རྩེ་གྲོང་ཁྱེར་གྲམ་སོ་ཤང་གི་ཡུལ་མི་བཀྲ་ཤིས་དོན་གྲུབ་བློ་ཡིད་ཚིམ་པོ་བྱུང་ནས་རང་དབང་མེད་པར་དགའ་བའི་འཛུམ་མདངས་འཕྱུར།
འདས་ཟིན་པའི་ལོ་ལྔར་ཕྱིར་དྲན་བྱེད་སྐབས། གངས་ལྗོངས་ས་མཐོའི་ཕྱོགས་གང་ས་ནས་དངོས་དངོས་རྗེན་རྗེན་གྱི་དམངས་འཚོའི་དྲོ་སྐྱིད་མངོན་པ་དང་། རྒྱུན་གཏན་གྱི་བྱ་བ་ཆུང་ཙག་གྲངས་ལས་འདས་པ་ལས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་རྣམ་པ་ཞིག་ངང་གིས་མངོན།
མང་ཚོགས་ཀྱི་འཚོ་བ་སྦྲང་རྩི་ལས་ཀྱང་མངར་བ།
“གསོ་རླུང་རྔུབ་རྗེས་དབུགས་འབྱིན་རྔུབ་བྱེད་བདེ་རུ་ཕྱིན་སོང”ཞེས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རི་རོང་ཤང་བཀྲམ་ཐང་གྲོང་ཚོའི་བདེ་སྐྱིད་གླིང་དུ་ལོ་73ལ་སླེབས་པའི་བགྲེས་སོང་སྒྲོལ་མས་འཛུམ་དམུལ་དམུལ་ངང་བརྗོད།
“ཧ་ཅང་དྲོ་པོ་འདུག དགོང་མོ་གཉིད་ཉལ་སྐབས་ནམ་ཕྱེད་ལ་འཁྱགས་ནས་གཉིད་ཡག་པོ་མི་ཁུག་པའི་གནས་ཚུལ་སླང་ཡང་ཐོན་མི་སྲིད” ལོ་ལྟར་དགུན་ཁར་དྲོད་རླངས་མཁོ་འདོན་བྱས་རྗེས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གི་ཚེ་དབང་གི་ཁྱིམ་དྲོ་སོབ་སོབ་ཏུ་གྱུར།
“དགུན་ཁ་གྲང་ངར་ཆེ་ལ་གསོ་རླུང་དཀོན་པས་འཚོ་གནས་བྱེད་ཁག་པོ་རེད” དེ་ནི་དེ་སྔ་ས་བབ་མཐོ་ཁུལ་གྱི་མང་ཚོགས་ཚོའི་མྱོང་ཚོར་ཟབ་ཤོས་དེ་རེད། རང་ལྗོངས་སུ་ལག་བསྟར་བྱས་པའི་དྲོད་རླངས་དང་གསོ་རླུང་མཁོ་འདོན་ལས་གྲྭ་ལས་རྣམ་པ་དེར་འགྱུར་ལྡོག་འགྲོ་འགོ་ཚུཌ་ཡོད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལེ་ལག་ཚང་བའི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། དྲོད་རླངས་དང་གསོ་རླུང་མཁོ་འདོན་ལས་དོན་གྱི་ཆེད་དོན་ཚན་ཁག་འཛུགས་པ། སྒྲིག་བཀོད་འཛུགས་སྐྲུན་ལག་བསྟར་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས། དྲོད་རླངས་དང་གསོ་རླུང་མཁོ་འདོན་གྱི་ཁྱབ་རྒྱ་རིམ་བཞིན་ཆེ་རུ་བཏང་ཡོད།
2025ལོའི་ལོ་མཇུག་བར། ལྷ་ས་དང་། ནག་ཆུ། གཞིས་རྩེ། མངའ་རིས་སོགས་ས་ཁུལ་དང་གྲོང་ཁྱེར་4གནས་ཡུལ་དང་། དེ་བཞིན་རྫོང་དང་ཆུས་44ལ་དྲོད་རླངས་མཁོ་འདོན་བྱས་པ་དང་དྲོད་རླངས་མཁོ་འདོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3400ལྷག་ཙམ་ཟིན་ནས་ལས་བྱེད་པ་དང་མང་ཚོགས་ཁྲི་90ཙམ་ལ་ཕན་པ་ཐོབ་ཡོད། འབད་བརྩོན་བྱས་པ་བརྒྱུད། “སྲིད་གཞུང་གི་མ་འཇོག་གིས་ཁྲིད་སྟོན་དང་། ཐབས་ལམ་སྣ་མང་གསབ་རེས། གཙོ་གནད་ཁྱབ་ཁོངས་སུ་ཁྱབ་པ”བཅས་ཀྱི་གསོ་རླུང་མཁོ་འདོན་འགན་ལེན་གྱི་མ་ལག་རགས་ཙམ་ཆགས་པ་དང་། ས་བབ་མཐོ་བའི་རྫོང་དང་ཤང་གི་སྨན་ཁང་དང་། སློབ་གྲྭ ལས་ཁུངས་སོགས་ལྟེ་བའི་ཁུལ་དུ་གསོ་རླུང་མཁོ་འདོན་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་། འཁྱེར་བདེ་བའི་གསོ་རླུང་བཟོ་ཆས་དང་ཐཱན་འདུས་ཚི་སྣའི་གསོ་རླུང་བླུགས་སྣོད་རིམ་བཞིན་ཁྱབ་གདལ་བྱུང་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱི་དམངས་འཚོའི་གཏོང་སྒོ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་ཟིན་ཏེ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་དང་བསྡུར་ན་45%འཕར་ཡོད། དམངས་འཚོའི་གཏོང་སྒོས་ནོར་སྲིད་ཀྱི་སྤྱིའི་གཏོང་སྒོའི་ནང་བཟུང་བའི་བསྡུར་ཚད་80%ཡན་ཟིན་པ་དང་། དེ་ནི་ནོར་སྲིད་ཀྱི་གཏོང་སྒོ་སྒོར་10རེའི་ནང་ནས་སྒོར་8ལྷག་ཙམ་དམངས་འཚོའི་ཁྱབ་ཁོངས་སུ་བཏང་བ་དང་ཧ་ལམ་མཚུངས་ཀྱི་ཡོད། ལོ་ལྔའི་རིང་རིམ་རྩིས་བརྒྱབ་ན་དམངས་འཚོའི་བྱ་བ་དངོས་106དོན་འཁྱོལ་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་645བཏང་ནས་ལས་ཞུགས་འབབ་འཕར་དང་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ་ནས་སྨན་བཅོས་ཐ་སྐྱོང་དང་སྤྱི་ཚོགས་འགན་བཅོལ་གྱི་ཚད་གཞི་མཐོ་རུ་གཏོང་བའི་བར་དངོས་སྒྲུབ་ཀྱི་བྱེད་ཐབས་རེ་རེ་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱས་ཏེ། ས་མཐོའི་བུ་ཕྲུག་གི་འཚོ་བར་དྲོ་སྐྱིད་སྦྱིན་ཡོད།
ཡོད་མེད་ནས་ཡག་པོ་ཡོད་པའི་བར་གྱི་འགྱུར་ལྡོག
ཡོད་མེད་ཀྱི་ཆ་ནས་བལྟས་ཚེ། བོད་ཀྱིས་ལོ་རྒྱུས་རང་བཞིན་གྱི་ཞན་ཆ་ཁག་གཅིག་བསལ་ཡོད། དེ་སྔ་ས་བབ་མཐོ་བའི་ས་ཆར་དགུན་དུས་སློབ་ཁང་དུ་གྲང་ངར་ཆེ་བས་ཕྲུ་གུ་ཚོ་སྲིང་བལ་གྱི་གོས་མཐུག་པོ་གྱོན་ནས་སློབ་ཚན་ཉན་དགོས་ཀྱི་ཡོད། ཐག་རིང་ལུང་ཁུག་ས་ཁུལ་གྱི་མང་ཚོགས་སྨན་པ་བསྟེན་པར་ས་ཐག་རིང་བ་དང་སྨན་བཅོས་བྱེད་སྐབས་དཀའ་ངལ་ཆེན་པོ་ཡོད། ད་ཆ་གནད་དོན་དེ་དག་རེ་རེ་བཞིན་ཐག་གཅོད་ཐུབ་ནས་ས་བབ་མཐོ་བའི་སློབ་གྲྭ་ཚང་མར་དྲོད་རླངས་མཁོ་འདོན་ཐུབ་སྟེ། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་བཅུ་ཕྲག་ཁ་ཤས་འཁྱགས་སྒམ་ལྟར་གྱི་སློབ་ཁང་ནང་སྡོད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དམ་འཛིན་བྱ་གཞིར་བྱས་ཏེ་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་བཙུགས་པས་མང་ཚོགས་ཚོས་ཁྱིམ་གྱི་སྒོ་རྩ་ནས་ནད་བསྟེན་ཐུབ་པ་བྱུང་ཡོད།
ཡག་པོ་ཡོད་པའི་ཆ་ནས་བལྟས་ཚེ། བོད་ཀྱིས་ཚད་གཞི་དེ་བས་མཐོ་བའི་སྒོ་ནས་དམངས་འཚོའི་ཞབས་ཞུ་རིམ་སྤོར་ལ་སྐུལ་འདེད་གཏོང་བཞིན་ཡོད།
——སློབ་གྲྭ་ཡག་པོ་འགྲིམ་ཆེད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་1835.56བཏང་ནས་སློབ་གྲྭ་55གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་སློབ་མཚམས་ཁག་ཚང་མར་ཁྱབ་པའི་སློབ་མའི་རོགས་དངུལ་མ་ལག་བཙུགས་པ་དང་། སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་སློབ་མ་རེར་ལོ་རེར་ཆ་སྙོམས་སྒོར་5940བར་མཐོ་རུ་བཏང་བ། ཞིང་འབྲོག་ཁུལ་གྱི་སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་མ་རེའི་ཆ་སྙོམས་ཚད་གཞི་སྒོར་380ནས་སྒོར་1000བར་མཐོ་རུ་བཏང་བ་བཅས་བྱས་པས། སློབ་གྲྭར་འགྲོ་རྒྱུ་ཡོད་པ་ནས་སློབ་གྲྭ་ཡག་པོ་འགྲིམ་རྒྱུ་ཡོད་པའི་བར་འགྱུར་ལྡོག་བྱུང་ཡོད།
——སྨན་པ་ཡག་པོ་བསྟེན་ཆེད་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཐད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་861.1བཏང་བ་དེ་ལོ་རེར་ཆ་སྙོམས་14%འཕར་ཡོད། སྨན་བཅོས་འགན་ལེན་གྱི་ཆུ་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་རྒྱུན་མཐུད་སླེབས་པ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་སྒོར་125ཟིན་ནས་རྒྱལ་ཡོངས་ཀྱི་མཐོ་ཤོས་སུ་སླེབས་ཡོད། ཐུམ་འབུའི་ནད་སོགས་ནད་རིགས་བཞི་རྒྱལ་ཡོངས་ཀྱི་སྔོན་ལ་སྨན་རིན་མི་དགོས་པར་སྨན་བཅོས་ཐུབ་པ་དང་། གྲུམ་བུ་ཚིགས་ཆེན་ནད་ཀྱི་ནད་དཔེ་གསར་པ་ཐོན་མེད་པ་དང་ཐུམ་འབུའི་ནད་གཙང་སེལ་བྱས་ཡོད།
——ལས་ཞུགས་ཡག་པོ་བྱ་ཆེད། ལས་ཞུགས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་162.9བཏང་བ་དང་། “ལས་བརྩོན་བོད་དར”གྱི་རྩལ་ནུས་མཐོར་གཏོང་བྱ་སྤྱོད་སྤེལ་ནས་མི་ཁྲི་4.1ལྷག་ཙམ་ལ་དམིགས་སའི་རང་བཞིན་གྱི་རྩལ་ནུས་གསོ་སྦྱོང་བྱས་པ། ཞིང་འབྲོག་ལས་མིའི་སྤྲོད་ཐེངས་གཅིག་གི་ལས་གཏོད་ཁ་གསབ་ཚད་གཞི་སྒོར་2000ནས་སྒོར་5000བར་མཐོ་རུ་བཏང་སྟེ་ཞིང་འབྲོག་པ་ཁྲི་64ལས་ཞུགས་གཞན་སྒྱུར་ལ་སྐུལ་ཁྲིད་བྱས་ནས། ལས་ཀ་ཡོད་པར་བྱས་པ་མ་ཟད། ལས་ཀ་ཡག་པོ་སྒྲུབ་ཞོར་ཡོང་འབབ་མཐོ་པོ་རག་ཡོད།
ཡོད་པ་ནས་ལེགས་པའི་བར་ཡིག་ཐོག་ནས་ལྟ་དུས་སྣང་བ་དེ་ཙམ་མེད་ཀྱང་འགྱུར་ལྡོག་ཕྱིན་པ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་དེ་རེད། “གནད་སྨིན་ཇུས་འདོན་གྱི་སྲོག་ཤིང་ནི་མང་ཚོགས་ལ་གང་ཞིག་མཁོ་བ་དང་སྲིད་གཞུང་གིས་གང་ཞིག་སྤྲོད་པ་གནད་སྨིན་སྦྲེལ་མཐུད་བྱེད་པ་ལས། ཞིང་ཆུ་ལེབ་གཏོང་ལྟར་མ་དངུལ་གཏོང་མི་རུང་། དེ་ཕྱིར་གནད་སྨིན་ཐིགས་ཆུ་འདྲེན་པའི་སེམས་ནུས་ཡོད་དགོས”ཞེས་བོད་ཀྱི་ལས་བྱེད་པ་ཞིག་གིས་དེ་ལྟར་བརྗོད།
ཆུང་ལེགས་རྣམ་གྲངས་ཀྱིས་དམངས་ཀྱི་སེམས་ཁྲལ་བསལ་བ།
དགུན་གཞུང་དུ་ས་བབ་སྨི་5000ལྷག་ཙམ་ཡོད་པའི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་རྒོད་རྒན་ཚྭ་ཆུ་གྲོང་ཚོར་སྐྱོད་སྐབས་ཡུལ་མིས་གླེང་མང་ཤོས་ནི་གཟུགས་པོ་འཁྲུ་རྒྱུ་དེ་རེད། མ་གཞི་འདི་གར་ལོ་གཅིག་གི་དུས་ཚོད་ཕྱེད་ཀ་ཙམ་གྱི་དྲོད་ཚད་ཀླད་ཀོར་འོག་ཡིན་པ་དང་། ཆུ་ཚ་པོས་གཟུགས་པོ་འཁྲུ་དགོས་བསམ་ན་སྦག་སྦག་བཞོན་ནས་རྫོང་གྲོང་དུ་ཕར་འགྲོ་ཚུར་འོང་བྱེད་པར་ཉིན་ཕྱེད་ཙམ་འགོར་གྱི་ཡོད། བདལ་གླ་དང་གཟུགས་པོ་འཁྲུད་པའི་དངུལ་བསྡོམས་ན་སྒོར་བདུན་ཅུ་བརྒྱད་ཅུ་ཙམ་དགོས་ཀྱི་ཡོད།
གཟུགས་པོ་འཁྲུ་དཀའ་བ་ནི་དེ་སྔ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་དཀའ་གནད་ཅིག་རེད། ལྗོངས་ཡོངས་ཀྱི་གྲོང་ཚོ་རིམ་པའི“འཁྲུད་ཁང་ཆུང་ངུའི”དམངས་ཕན་འདུ་འགོད་དོན་འཁྱོལ་བྱས་པ་དང་ཆབས་ཅིག དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་མ་དངུལ་ལ་བརྟེན་ནས་གྲོང་ཚོར་ལེ་ལག་ཚང་བའི་སྤྱི་པའི་འཁྲུད་ཁང་བསྐྲུན་ཡོད། གཟའ་མཇུག་གི་ཕྱི་དྲོར་སླེབས་རིམ་བཞིན་གྲོང་མི་ཚོ་གཉིས་རེ་གསུམ་རེ་བྱས་ནས་གཟུགས་པོ་འཁྲུ་བར་ཡོང་གི་ཡོད། སྔོན་ཆད་བསམ་མི་ཕོད་པ་དེ་ད་ཆ་རྒྱུན་གཏན་དུ་གྱུར་ཡོད། “གཟུགས་པོ་འཁྲུ་བར་ཐག་རིང་པོར་སྐྱོད་མི་དགོས་པ་དང་། གཟུགས་པོ་བཀྲུས་རྗེས་ད་དུང་རླུང་སྐམ་འཕྲུལ་འཁོར་གྱིས་སྐྲ་སྐམ་པོ་བཟོ་བ་དང་སྐྲ་ཤད་ཀྱང་རྒྱག་ཆོག་པས་ཧ་ཅང་ཡག་པོ་འདུག”ཅེས་ཡུལ་མི་ཕུར་བུས་བརྗོད།
ལྗོངས་ཡོངས་སུ་གྲོང་ཚོ(གྲོང་ལྷན)5118ལ་འཁྲུད་ཁང་ཡོད་པ་དང་། ཁྱབ་ཚད་བཅུ་ཆ་དགུ་ཙམ་ཟིན་ཞིང་། ཟླ་རེར་ཆ་སྙོམས་མི་ཐེངས་ཁྲི་16.48ལ་ཞབས་འདེགས་ཞུ་གི་ཡོད། འཁྲུད་ཁང་ཆུང་ཆུང་ལས་དམངས་འཚོ་ཆེན་པོ་མངོན་པ་དང་། དེས་དམངས་ཀྱི་ལུས་སེམས་གཉིས་ཀར་དྲོ་སྐྱིད་སྦྱིན་ཡོད།
དོན་དག་ཆུང་ཆུང་ལས་བརྩེ་བ་ཟབ་མོ་མངོན་ཐུབ། གྲོང་ཚོ་རིམ་པའི་འཁྲུད་ཁང་སྒྱུར་བཀོད་བྱས་པ་ནས་ས་བབ་མཐོ་ཁུལ་གྱི་དྲོད་རླངས་མཁོ་འདོན་ཕྱོགས་ཡོངས་ལ་ཁྱབ་པའི་བར་དང་། དེ་ནས་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་གི་ཡོམ་འགོག་བརྟན་གཏོང་ནས་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱེད་པའི་བར། ཆུང་ལེགས་རྣམ་གྲངས་ཀྱི་དམངས་འཚོའི་བྱ་བ་དངོས་རེ་རེ་ལས་གངས་ལྗོངས་ས་མཐོའི་བདེ་སྐྱིད་ཀྱི་རང་མདངས་མངོན་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།