དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་ཡག་པོ་སྲུང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-18

    འཇིག་རྟེན་ཐོག་གི་བྱ་བ་ཐམས་ཅད་ནང་བཟའ་བཅའ་ནི་དོན་ཆེན་ཐོག་མ་དེ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བཟའ་བཅའི་བདེ་འཇགས་ཐད་མི་སེར་རྣམས་ལ་བློ་ཡིད་ཚིམ་པའི་ལན་ཞིག་བརྒྱབ་ཐུབ་མིན་ནི་ང་ཚོའི་སྲིད་སྐྱོང་ནུས་པར་ཚོད་བགམ་ཆེན་པོ་བྱེད་པ་ཞིག་རེད”ཅེས་ནན་བཤད་གནང་ཡོད།

    2026ལོའི་རྒྱལ་སྟོན་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་མ་ཐག་པའི་ཧུའུ་ཁྲང་ཧྲེང་ལྷ་ས་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་རར་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་བཟའ་བཅའི་གཙང་སྦྲའི་ཐད“དུས་ཆེན་དང་གུང་གསེང་ནི་མང་ཚོགས་ཀྱིས་གཅིག་སྡུད་ཉོ་སྒྲུབ་བྱེད་པའི་དུས་མཚམས་ཤིག་ཡིན་པས། བཟའ་བཅའི་སྤུས་ཚད་དང་བདེ་འཇགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱིས་ཉོ་དུས་དང་ཟ་དུས་བློ་བདེ་པོ་ཡོང་བར་བྱེད་དགོས”ཞེས་བླང་བྱ་བཏོན་གནང་བ་རེད།

    དེ་རྗེས། ཧུའུ་ཁྲང་ཧྲེང་གིས་བརྟག་ཞིབ་གནང་རིང་། བཟའ་བཅའི་བདེ་འཇགས་ནི་ཐོག་མཐའ་བར་གསུམ་དུ་ལས་དོན་གལ་ཆེན་ཞིག་ཡིན་ཞིང་། དེ་ཡང་སློབ་གྲྭའི་ཟ་ཁང་གི་ཐབ་ཚང་དང་། མཐའ་མཚམས་གྲོང་ཚོའི་ཟ་ཁང་ཆུང་ཆུང་། དམིགས་བསལ་དཀའ་ངལ་ཡོད་པའི་ལྟེ་གནས་སོགས་སུ་ཧུའུ་ཁྲང་ཧྲེང་ཕེབས་ནས་དེ་གར་ཡུན་རིང་བཞུགས་ཏེ་བཟའ་བཅའི་བདེ་འཇགས་སྐོར་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

    གམ་པ་རྫོང་ཆ་ཚང་སློབ་ཆུང་དུའང་ཁོང་གིས་བཀའ་འདྲི་ཧ་ཅང་ཞིབ་ཚགས་གནང་ཞིང་། “སློབ་མའི་ཁ་ལག་གི་རྒྱུ་ཆ་གང་ནས་འཐེན་པ་དང་། ལྟོ་སྣོད་ལ་དུག་སེལ་ཇི་ལྟར་བྱེད་པ། ཁ་ལག་གི་རྒྱུ་ཆའི་མ་དཔེ་དུས་ཚོད་ཇི་ཙམ་ཉར་གྱི་ཡོད་པ”བཅས་བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་དང་། ཁ་ལག་བཟོ་རིང་གི་དོ་དམ་ཚོད་འཛིན་བྱ་ཐབས། ཉེན་ཁའི་གནད་དོན་ཁུངས་འདེད་བཅས་འགག་སྒོ་གསུམ་ལ་དམིགས་ནས་བཀའ་འདྲི་གནང་བ་དང་། ཁོང་གིས། འགག་སྒོ་ཚང་མ་ཡག་པོ་བསྲུངས་ནས་བཟའ་བཅའི་རྒྱུ་ཆའི་བདེ་འཇགས་དང་ཁོར་ཡུག་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ཕྲུ་གུ་ཚོར་བདེ་ཐང་དང་བློ་བདེ་བའི་ཁ་ལག་ཟ་རྒྱུ་ཡོང་བ་བྱེད་དགོས་ཞེས་མངགས་བྱ་ཡང་ཡང་གནང་ཡོད།

    གཞིས་རྩེ་ཁང་དམར་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་ཕེབས་སྐབས། ཟ་ཁང་དུ་ཉིན་དགུང་གི་ཁ་ལག་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། ཧུའུ་ཁྲང་ཧྲེང་གིས་བཟའ་བཅའི་རྒྱུ་ཆ་སོས་པ་ཡིན་མིན་དང་བཟའ་བཅའི་བདེ་འཇགས་ལ་དོ་དམ་ཚོད་འཛིན་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་ཡོད་མེད་སྐོར་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ཁོང་གིས། སྤྱི་ཚོགས་རོགས་སྐྱོབ་ཀྱི་མཐའ་མའི་འགོག་རགས་ཡག་པོ་སྲུང་བར་ལྕེ་ཐོག་གི་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནས་འགོ་འཛུགས་དགོས་པའི་ནན་བཤད་གནང་བ་རེད།

    མཐའ་མཚམས་ཀྱི་སྒོ་རྩིས་ཚོང་ཁང་ཆུང་ཆུང་དང་གྲོང་གསེབ་ཀྱི་ཟ་ཁང་ཆུང་ཆུང་ནི་ཟས་རིགས་བདེ་འཇགས་ཀྱི་ལྟ་འདོམས་བྱ་ཡུལ་མཇུག་ཤོས་དེ་ཡིན། ལམ་བར་དུ་ས་ཆ་དེ་དག་བརྒྱུད་ནས་ཕེབས་སྐབས་ཧུའུ་ཁྲང་ཧྲེང་ཆེད་མངགས་གཟིགས་པར་ཕེབས་ཀྱི་ཡོད་པ་དང་། ཁོང་གིས་ཟོག་སྒྲོམ་ཁ་ཕྱེ་ནས་ཚོང་ཟོག་གི་སྤུས་ཚད་འགན་ལེན་ཡུན་ཚད་ལ་ལྟ་བ་དང་བདེ་ཐང་ལག་ཁྱེར་དང་ལས་གཉེར་ལག་ཁྱེར་ལ་ཞིབ་བཤེར་ནན་པོ་བྱེད་པ་མ་ཟད། གཞི་རིམ་གྱི་ལས་བྱེད་པར་ས་བབ་ཇི་ཙམ་གྱིས་མཐོ་བ་དང་། གྲང་ངར་ཇི་ཙམ་གྱིས་ཆེ་བ། ལམ་ཐག་ཇི་ཙམ་གྱིས་རིང་བ་བཅས་ཡོད་ན། དེར་དོ་དམ་བྱེད་མཁན་མེད་པ་དེ་བས་བྱེད་མི་རུང་ཞེས་མངགས་བཅོལ་བྱས།

    ཞིང་ཟོག་ཁྲོམ་ར་ནས་སློབ་གྲྭའི་བར་དང་། བསྙེན་བཀུར་ལྟེ་གནས་ནས་གྲོང་གསེབ་ཀྱི་ཚོང་ཁང་ཆུང་ངུའི་བར། ཧུའུ་ཁྲང་ཧྲེང་ཕེབས་ཡུལ་ནི་འགག་རྩའི་ཁྱབ་ཁོངས་དང་བཀའ་འདྲི་གནང་ཡུལ་ནི་གཙོ་གནད་མི་ཚོགས་ཡིན་ཞིང་། དེ་ལས་རྟག་ཏུ་བློ་བཟོད་མི་བདེ་བ་དང་དམ་འཛིན་ནན་པོ་གནང་བའི་འགན་འཁྲི་འཁུར་སེམས་དང་འཁྲི་འགན་སྒྲུབ་སེམས་མཚོན་གྱི་ཡོད།

    “ས་བབ་ཇི་ཙམ་གྱིས་མཐོ་བ་དང་། གྲང་ངར་ཇི་ཙམ་གྱིས་ཆེ་བ། ལམ་ཐག་ཇི་ཙམ་གྱིས་རིང་བ་བཅས་ཡོད་ན། དེར་དོ་དམ་བྱེད་མཁན་མེད་པ་དེ་བས་བྱེད་མི་རུང”ཞེས་པའི་བཀའ་མོལ་འདི་ལས་མཐའ་ཚད་འཛིན་སེམས་དང་གཙོ་གནད་ལ་དམ་འཛིན་བྱེད་པའི་ལས་ཀའི་བྱེད་ཐབས་མངོན་གྱི་ཡོད། དེར་བརྟེན། ས་མཐོའི་དོན་དངོས་ལ་གཞི་ཚུགས་ཏེ་ཉམས་ཞན་གྱི་ས་ཆ་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ནན་པོ་དང་། དོ་དམ་ནན་པོ། ཚོད་འཛིན་ནན་པོ་བཅས་བྱེད་པ་དང་། བཟའ་བཅའི་བདེ་འཇགས་ཀྱི་ཉེས་གསོག་ལ་ཕྱོགས་ཡོངས་ནས་རྡུང་རྡེག་གཏོང་བ། འགན་འཁྲི་འཁུར་མཁན་མེད་པའི་ས་ཆ་དང་ལྟ་སྐུལ་དོ་དམ་བྱེད་མཁན་མེད་པའི་སྟོང་ཆ་གཏན་འགོག་བཅས་བྱས་ཚེ། གཞི་ནས་འཕྲེད་ལ་མཐའ་ཟིན་པ་དང་གཞུང་ལ་མཐིལ་ཐུག་པའི་བཟའ་བཅའི་བདེ་འཇགས་འགོག་སྲུང་དྲ་བ་ཞིག་བཙུགས་ཐུབ་ནས་ས་མཐོའི་ལྕེ་རྩེའི་བདེ་འཇགས་བརྟན་པོ་སྲུང་ཐུབ།

    འགན་འཁྲི་ཕྲག་ཐོག་ཏུ་ཁུར་ནས་མཉམ་དུ་བཟའ་བཅའི་བདེ་འཇགས་ཀྱི་འགག་སྒོ་རེ་རེ་བཞིན་སྲུང་བ་དང་མཉམ་དུ་ལྟ་འདོམས་བྱ་ཡུལ་མཇུག་ཤོས་རེ་རེར་དམ་འཛིན་བྱས་ཏེ། ས་མཐོའི་མང་ཚོགས་ལ་བདེ་འཇགས་དང་བློ་བདེ་བའི་ཁ་ལག་ཟ་རྒྱུ་ཡོང་བ་བྱེད་པ་ནི་ཕན་བདེ་ཆེ་ཤོས་ཀྱི་དམངས་འཚོ་དང་དྲོ་སྐྱིད་ལྡན་ཤོས་ཀྱི་དོ་ཁུར་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།