ཞི་ཅིན་ཕིང་གིས་ཀོང་ཏུང་ཀྲུང་ཧྲན་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།
ཚའེ་ཆི་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པ།

ཟླ་11ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་མཚོ་ཁུག་ཁུལ་གྱི་འབྱུང་འགྱུར་ཚན་རྩལ་གྲོང་དུ་རྟོག་ཞིབ་གནང་སྐབས་དེ་གའི་ཁེ་ལས་འབྲིང་ཆུང་གི་འགན་འཁུར་བ་དང་ཚན་རྩལ་མི་སྣའི་འཐུས་མི་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།

ཟླ་11ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་སུན་ཀྲུང་ཧྲན་གྱི་བཞུགས་གནས་རྙིང་པའི་དྲན་གསོ་ཁང་དུ“ཀྲུང་གོའི་དམངས་གཙོ་གསར་བརྗེའི་རླབས་ཆེན་གྱི་སྔོན་བྱོན་པ་སུན་ཀྲུང་ཧྲན”ཞེས་པའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བཞིན་པ།
ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱིས་གཏན་འཁེལ་གནང་བའི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་པར་བརྟེན་ནས། ཀྲུའུ་ཅང་གཙང་པོའི་ཤར་ནུབ་ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ཡག་པོ་བཏང་སྟེ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་ནན་བཤད་གནང་བ་རེད།
ཚེས་16ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཁུན་མིང་དང་ཧྲེང་ཀྲང་མོང་ཧྥན་ལིའི་ཕེབས་རོགས་འོག་ཀྲུང་ཧྲན་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད།
ཧྲེན་ཀྲུང་བགྲོད་ལམ་དེ་ཤར་ཧྲེན་ཀྲེན་ནས་འགོ་ཚུགས་པ་དང་། ནུབ་ཀྲུང་ཧྲན་དང་ཀོང་ཀྲོའུ་ནན་ཧྲ་དང་སྦྲེལ་ཡོད། དེ་ནི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་ཧྲེན་ཀྲུང་བགྲོད་ལམ་ནུབ་མའི་མིས་བཟོས་གླིང་ཕྲན་གྱི་ལས་སྟེགས་སུ་ཕེབས་ནས་རྒྱང་གཟིགས་གནང་སྟེ། ས་ཡུལ་དངོས་སུ་བགྲོད་ལམ་འཛུགས་སྐྲུན་དང་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་བྱེད་པར་དང་ཐོག་འགྲིམ་འགྲུལ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས། ཀྲུའུ་ཅང་གཙང་པོའི་ཤར་ནུབ་ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཧྲེན་ཀྲུང་བགྲོད་ལམ་གྱིས་ལམ་འབྱེད་གདོང་ལེན་གྱི་ནུས་པ་བཏོན་ཡོད་པས། འགྲིམ་འགྲུལ་ལས་གྲྭ་ཆེ་གྲས་དེ་སྔར་བས་དོ་དམ་ཡག་པོ་དང་གཉེར་སྐྱོང་ཡག་པོ་བྱས་ཏེ། དེས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།
དེ་རྗེས། ཞི་ཅིན་ཕིང་ཀྲུང་ཧྲན་གྲོང་ཁྱེར་ཚུའེ་ཧེང་ཁུལ་གསར་དུ་གནས་པའི་མཚོ་ཁུག་ཁུལ་གྱི་འབྱུང་འགྱུར་ཚན་རྩལ་གྲོང་གི་འགྲེམས་སྟོན་ཚོམས་ཆེན་དུ་ཕེབས་ནས་ཀྲུང་ཧྲན་གྲོང་ཁྱེར་གྱི་སྐྱེ་དངོས་སྨན་རྫས་དང་། གློག་རྡུལ་ཆ་འཕྲིན། རྩེར་སོན་སྒྲིག་ཆས་སོགས་དེང་རབས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། དེ་བཞིན་ཁྱིམ་ཆས་སོགས་སྲོལ་རྒྱུན་ཐོན་ལས་ཀྱི་ཐོན་རྫས་འགྲེམས་སྟོན་ལ་གཟིགས་པ་དང་། ས་གནས་དེ་གས་ཐོན་ལས་གཞན་སྒྱུར་དང་ལེན་བྱེད་པ་དང་། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། འབྲེལ་ཡོད་གསར་གཏོད་ཐོན་རྫས་ཀྱི་ནུས་པའི་ཁྱད་ཆོས་དང་ཁྲོམ་རའི་མདུན་ལམ་སྐོར་བཀའ་འདྲི་ཡང་གནང་ཞིང་། ཁོང་གིས། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་བྱེད་པ་ནི་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། ཀོང་ཏུང་གིས་འགན་འཁྲི་གལ་ཆེན་འཁུར་བཞིན་ཡོད་ལ། ཀྲུའུ་ཅང་གཙང་པོའི་ངོགས་གཉིས་ཀྱི་ཀོང་ཀྲོའུ་དང་། ཧྲེན་ཀྲེན། ཀྲུའུ་ཧའེ། ཏུང་ཀོན། ཀྲུང་ཧྲན་སོགས་ཀྱིས་ཀྱང་སྔོན་ཁྲིད་ཀྱི་ནུས་པ་འདོན་དགོས་པའི་ནན་བཤད་གནང་བ་རེད། ཁོང་གིས་ཀྲུང་ཧྲན་གྲོང་ཁྱེར་གྱིས་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ། སྒྱུར་བཅོས་དང་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། ས་ཁོངས་མཉམ་ལས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་གསར་པ་རྒྱུན་ཆད་མེད་པར་སྤོ་དགོས་པའི་ཐུགས་རེ་གནང་བ་རེད།
ཞི་ཅིན་ཕིང་གིས་དེ་གར་ཡོད་པའི་ཁེ་ལས་འབྲིང་ཆུང་གི་འགན་འཁུར་བ་དང་ཚན་རྩལ་མི་སྣའི་འཐུས་མིར། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་དགེ་མཚན་ཁྲི་སྟོང་མང་པོ་ཡོད། ཚང་མ་དུས་རབས་བཟང་པོ་འདིར་འཚོ་གནས་བྱེད་བཞིན་ཡོད་པ་དང་གསར་གཏོད་ལས་གཏོད་ཀྱི་ས་རྒྱུ་གཤིན་པོ་འདིར་ལས་ཀ་དང་འཚོ་བ་སྐྱེལ་བཞིན་ཡོད་པས་གཅེས་སྤྲས་ལྡབ་འཕར་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། ཀོང་ཏུང་གི་འཕེལ་རྒྱས་དང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་བཅས་བྱེད་པར་ལེགས་སྐྱེས་མང་ཙམ་འབུལ་དགོས་ཞེས་གསུངས་པ་རེད།
ད་ལོ་ནི་སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་ངོ་160འཁོར་བའི་ལོ་ཞིག་རེད། ཞི་ཅིན་ཕིང་ཀྲུང་ཧྲན་གྲོང་ཁྱེར་ནན་ལང་ཁྲོམ་གཞུང་དུ་ཡོད་པའི་སུན་ཀྲུང་ཧྲན་གྱི་བཞུགས་གནས་རྙིང་པའི་དྲན་གསོ་ཁང་དུ་ཕེབས་ནས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་ཟངས་ཀྱི་སྐུ་བརྙན་ལ་མེ་ཏོག་སི་ར་ཕུལ་ཞིང་། “ཀྲུང་གོའི་དམངས་གཙོ་གསར་བརྗེའི་རླབས་ཆེན་གྱི་སྔོན་བྱོན་པ་སུན་ཀྲུང་ཧྲན”ཞེས་པའི་འགྲེམས་སྟོན་ལ་གཟིགས་པ་དང་། བཞུགས་གནས་རྙིང་པ་སྲུང་སྐྱོང་གི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དྲན་གསོ་ཁང་གི་ལས་དོན་མི་སྣ་དང་སུན་ཀྲུང་ཧྲན་གྱི་སྐུ་ཚེ་ཧྲིལ་པོ་དང་བསམ་བློར་ཞིབ་འཇུག་བྱེད་མཁན་འཐུས་མི་སོགས་དང་བྱམས་བརྩེའི་སྤེལ་རེས་གནང་བ་རེད། ཞི་ཅིན་ཕིང་གིས། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་མི་རིགས་རང་བཙན་དང་། སྤྱི་ཚོགས་ཡར་ཐོན། མི་དམངས་བདེ་སྐྱིད་བཅས་ཡོང་བར་མཛད་རྗེས་བླ་ན་མེད་པ་བཞག་གནང་བ་དང་དུས་རབས་ཀྱི་རླབས་ཆེན་མི་སྣ་ཞིག་རེད། རྒྱང་ལམ་གསར་པར་ཁོང་གི་རྩ་ཆེའི་སྙིང་སྟོབས་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་ལྕག་སྐུལ་བྱེད་དགོས། སྐུ་ཞབས་སུན་ཀྲུང་ཧྲན་གྱི་སྐུ་ཚེ་ཧྲིལ་པོ་དང་བསམ་བློར་ཞིབ་འཇུག་གཏིང་ཟབ་བྱས་ནས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་གསར་བརྗེའི་གཏམ་རྒྱུད་ཡག་པོ་བརྗོད་དེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོར་རླབས་ཆེན་མི་སྣའི་སྤྱོད་བཟང་ལ་སློབ་སྦྱོང་དང་། རྒྱལ་གཅེས་དང་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་དམ་བཅའ་འཇོག་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།
རྟོག་ཞིབ་གནང་རིང་། ཞི་ཅིན་ཕིང་གིས་ལོ་འགོ་ལོ་མཇུག་གི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། དཔལ་འབྱོར་རྒྱུན་མཐུད་གསར་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གཙོ་བོ་ལེགས་སྒྲུབ་ཡོང་བའི་འགན་ལེན་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།
ཧོ་ལི་ཧྥུང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།
འབྲེལ་ཡོད་གསར་འགྱུར།