དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲེན་ཀྲེན་དུ་འཛོམས་ནས“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ངོ་མཚར”གྱི་ལེའུ་གསར་པ་མུ་མཐུད་རྩོམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2026-11-17

    ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་འདེམས་པའི་འགག་རྩའི་ལམ་མདོར། འཛམ་གླིང་གིས་ཀྲུང་གོས་མུ་མཐུད་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ངོ་མཚར”མུ་མཐུད་གཏོད་པར་ཁ་ཕྱོགས་སྟོན་པ་དང་སྒུལ་ནུས་སྣོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་ཟླ་11ཚེས་18དང་19ཉིན་ཧྲེན་ཀྲེན་དུ་འཚོག་རྒྱུ་ཡིན་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་རྒྱུ་དང་འབྲེལ་གསུང་བཤད་ཀྱང་གནང་རྒྱུ་རེད། APECབཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་དེ་ཟླ་11ཚེས་17དང་18ཉིན་ཧྲེན་ཀྲེན་དུ་འཚོག་རྒྱུ་དང་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་རྒྱུ་རེད། སྐབས་དེ་དུས་ཚོགས་ཞུགས་དཔལ་འབྱོར་སྒྲིག་གཞི་ཁག་གི་འགོ་ཁྲིད་པའམ་ཡང་ན་འཐུས་མི་ཧྲེན་ཀྲེན་མཚོ་ཁུག་ཏུ་འཛོམས་ནས“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཅིག་མཐུན་ཚོགས་པ་བཙུགས་ནས་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དང“ཐུན་མོང་ཐོག་དར་རྒྱས་ལ་སྐུལ་འདེད་དང་ཐུན་མོང་ཐོག་འབྱུང་འགྱུར་ལ་ཕན་པ་བསྐྲུན”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་པ་དང་། “སྒོ་དབྱེ་དང་། གསར་གཏོད། མཉམ་ལས”བཅས་ཀྱི་གཟིགས་སྐྱོང་ཁྱབ་ཁོངས་ཆེན་པོ་གསུམ་ལ་དམིགས་ཏེ་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྒུལ་ཤུགས་གསར་པ་བསྣན་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།

    དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་ཕྱོགས་དང་བསྟུན་ནས་བྱུང་བའི་APECཡིས་ལོ་30ལྷག་ཙམ་གྱི་ལོ་རྒྱུས་ལམ་བུ་བརྒྱུད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ས་ཁུལ་གོ་ལ་ཧྲིལ་པོའི་སྒོ་དབྱེ་འཕེལ་རྒྱས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྣེ་ཁྲིད་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གསོན་ཤུགས་ཆེ་ཤོས་ལྡན་པའི་ས་ཁུལ་དུ་འགྱུར་བར་རམ་འདེགས་བྱས་ཡོད། ད་ལོ་ནི་ཀྲུང་གོ་APECནང་ཞུགས་ནས་ལོ་35འཁོར་བའི་ལོ་ཞིག་རེད། APECནང་ཞུགས་ནས་རང་ངོས་ཀྱི་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ་ནས་གོ་ལ་ཧྲིལ་པོའི་སྒོ་དབྱེའི་སྣེ་ཁྲིད་པར་གྱུར་པའི་བར། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རོགས་ཟླ་དང་ལག་གདང་སྦྲེལ་ནས་བསྐྱོད་པའི་ལོ་35ཡི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་འཛམ་གླིང་དང་མཉམ་ལས་དང་སྒོ་དབྱེའི་དམ་བཅའ་འཇོག་པའི་འབད་འཐབ་ཀྱི་རྗེས་ཤུལ་བཞག་པ་དེ་ཐོག་ནས་ཀྲུང་གོས་རང་ངོས་ཀྱི་འཕེལ་རྒྱས་གསར་པར་བརྟེན་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་བྱེད་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་ཟམ་མི་ཆད་པར་མངོན་ཡོད། ཀྲུང་གོས་APECམགྲོན་བདག་གི་འགན་ཐེངས་གསུམ་འཁུར་བ་དང་2001ལོའི་ཧྲང་ཧའེ་ཡི་ཚོགས་འདུའི་ཐོག་དུས་རབས་གསར་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་བཏང་བ་ནས་2014ལོའི་པེ་ཅིང་གི་ཚོགས་འདུའི་ཐོག་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་གྱི་འཕེལ་རིམ་འགོ་ཚུགས་པ་དང་ཕན་ཚུན་སྦྲེལ་མཐུད་ཀྱི་འཆར་གཞི་བཏིང་བའི་བར་དང་། དེ་ནས་2026ལོར་ཧྲེན་ཀྲེན་དུ་སྐུ་མགྲོན་བསུ་བའི་བར། ཀྲུང་གོས་APECགར་སྟེགས་ཐོག་བཏོན་པའི་ནུས་པ་དང་ཕུལ་བའི་ལེགས་སྐྱེས་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དེ་ཐོག་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ལ་སྣེ་ཁྲིད་དང་། ཕྱོགས་མང་རིང་ལུགས་ལག་བསྟར། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་རྒྱབ་སྐྱོར་བཅས་བྱས་པ་མཚོན་ཡོད།

    ད་ཆ། འཛམ་གླིང་དཔལ་འབྱོར་ཁྲོད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་བསྡུར་ཚད་མཐོ་རུ་རྒྱུན་མཐུད་ཕྱིན་པ་སྟེ། APECཁོངས་མིའི་དཔལ་འབྱོར་སྒྲིག་གཞིས་གོ་ལ་ཧྲིལ་པོའི་མི་འབོར་གྱི་40%ཙམ་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བསྡོམས་འབོར་གྱི་བཅུ་ཆ་དྲུག་ལྷག་ཙམ་བཏོད་དེ། འཛམ་གླིང་དཔལ་འབྱོར་གྱི་གཙོ་གནད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དུ་གཅིག་སྡུད་རྒྱུན་མཐུད་བྱ་རྒྱུར་སྐུལ་ཁྲིད་བྱས་ཡོད། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་དང་། APECཁོངས་མིའི་དཔལ་འབྱོར་སྒྲིག་གཞིས་ཆ་འཕྲིན་ཅན་གྱི་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་འདི་ཉིད་གོ་ལ་ཧྲིལ་པོའི་གསར་གཏོད་འཕར་བའི་མཐོ་ས་ཞིག་ཏུ་འགྱུར་རྒྱུར་སྐུལ་ཁྲིད་བྱས་ཡོད། དེ་དང་ཆབས་ཅིག་འཛམ་གླིང་འདི་ཉིད་ཟང་ཟིང་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ལ་འཕྲད་པའི་བརྟན་ལྷིང་མེད་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་མང་དུ་ཕྱིན་ཡོད། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་མཆེད་པ་དང་འཛམ་གླིང་གི་དཔལ་འབྱོར་སིལ་ཧྲུག་ཅན་དུ་འགྱུར་ཤུགས་ཆེ་རུ་ཕྱིན་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བར་འགོག་རྐྱེན་འཕྲད་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་འདེམས་པའི་འགག་རྩའི་ལམ་མདོར་འཛམ་གླིང་གིས་ཀྲུང་གོས་མུ་མཐུད་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ངོ་མཚར”མུ་མཐུད་གཏོད་པར་ཁ་ཕྱོགས་སྟོན་པ་དང་སྒུལ་ནུས་སྣོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།