དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ངའི་ཚེ་གང་གི་དམིགས་ཡུལ་ནི་པར་ལེན་མཁས་ཅན་ཞིག་བྱེད་འདོད་པ་དེ་ཡིན།

    ——ལྷ་སའི་པར་ལེན་བ་དབང་པོ་སྐྱོན་ཅན་ལྷག་པ་དོན་གྲུབ་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གསར་འགོད་པ། ཚེ་བརྟན་རྡོ་རྗེ། བདེ་སྐྱིད་བུ་ཁྲིད། ཉི་མ་ཚེ་རིང་། བསོད་ནམས་དབང་འདུས།   |     སྤེལ་དུས།  2026-11-17

    འདི་ནི་ལྷག་པ་དོན་གྲུབ་ཡིན་པ།

    ལྷ་སའི་བར་སྐོར་ནང་གི་མང་ཚོགས་མང་ཆེ་བས་དབང་པོ་སྐྱོན་ཅན་ལྷག་པ་དོན་གྲུབ་ངོ་མི་ཤེས་མཁན་ཧ་ལམ་མེད། ཁོང་ལ་རུས་ནད་ཕོག་ཡོད་པས་གཟུགས་པོའི་རིང་ཚད་ལ་སྨི་1ཙམ་ཡང་ཟིན་གྱི་མེད་པ་དང་འགྲུལ་བཞུད་སྐབས་གློག་འཁོར་དང་འཁར་རྒྱུག་ལ་བརྟེན་དགོས་ཀྱི་ཡོད། ཁོང་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ནས་ཡིན་པ་དང་ད་ལྟ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཀུང་སི་ཞིག་ལ་ལས་ཀ་བྱེད་བཞིན་ཡོད།

    བྱིས་དུས་ནད་ཀྱིས་མནར། སློབ་སྦྱོང་གོ་སྐབས་ཤོར།

    སྤྱིར་ན་ཁྱིམ་ཚང་གང་ཞིག་ཡིན་རུང་ཕྲུ་གུ་སྐྱེས་མ་ཐག་པའི་དུས་སུ་ཕ་མ་སྤུན་མཆེད་ཚང་མ་དགའ་སྣང་གིས་ཁེངས་པའི་དུས་རེད། ཡིན་ནའང་། ལྷག་པ་དོན་གྲུབ་སྐྱེས་རྗེས་རུས་ནད་ཕོག་པ་ཤེས་པས་ཕ་མ་སྤུན་མཆེད་ཚང་མ་སྡུག་བསྔལ་གྱི་གནས་སུ་གྱར།

    ལོ་4ལ་སླེབས་དུས་ཁོང་བུ་བཅོལ་ཁང་དང་དེ་ནས་སློབ་ཆུང་ལ་བསྐྱོད་ཀྱང་སློབ་གྲྭའི་ནང་ཕྲུ་གུ་གཞན་ནང་བཞིན་རྩེད་མོ་རྩེ་མི་ཕོད་ཅིང་། གལ་སྲིད་གཟབ་གཟབ་མ་བྱས་ན་རུས་པ་ཆག་ཉེན་ཡོད། སློབ་ཆུང་ལོ་རིམ་དང་པོར་སླེབས་དུས། ནན་ཅིང་གྲོང་ཁྱེར་གྱི་སྨན་པ་མལ་གྲོ་གུང་དཀར་རྫོང་ལ་སླེབས་པས་ཁོང་གི་གཟུགས་པོ་ཡོངས་ལ་བརྟག་དཔྱད་བྱེད་པའི་གོ་སྐབས་བྱུང་བ་དང་སྨན་པས་རུས་སོབ་ཀྱི་ནད་ཚབས་ཆེན་ཡོད་པར་གཏན་འཁེལ་བྱས།

    ཁོང་ལོ་7ལ་མ་སླེབས་གོང་བར། རྐང་ལག་བཞི་མཉམ་དུ་སར་བཙུགས་ནས་འགྲོ་བ་ལས་མི་གཞན་ནང་བཞིན་རྐང་པ་གཉིས་ལ་བརྟེན་ནས་འགྲོ་མི་ཐུབ། ལོ་7ནང་ཁོང་ལ་རྐང་ཆག་ཐེངས་བཞི་བྱུང་བས་དུས་ཡུན་རིང་པོར་སྨན་བཅོས་དང་ཁྱིམ་ལ་ངལ་གསོ་བརྒྱབ་ནས་སྡོད་དགོས་བྱུང་བ་དང་མཐར་སློབ་ཆུང་ལོ་རིམ་གཉིས་པའི་སྐབས་སུ་སློབ་གྲྭ་ནས་འཐེན་དགོས་བྱུང་ཡོད།

    ལོ་7ནས་ལོ་15བར་གཟུགས་པོར་སྦྱོང་བརྡར་བྱས་ནས་རྐང་པ་གཉིས་བཙུགས་ཏེ་འགྲོ་ཐུབ་ཙམ་བྱུང་ཡང་རུས་ནད་ལ་སྨན་བཅོས་ཐུབ་མེད་པས་གཟུགས་པོའི་རིང་ཚད་སྨི་1ཀྱང་ལོངས་མེད། དེའི་རིང་ཁོང་གི་ཕ་མ་གཉིས་ཀྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་དོག་སྡེར་ཡོད་པའི་ཐང་གའི་སློབ་གྲྭ་ཞིག་ལ་བཏང་བས་ཐག་རིང་ལ་ཐེངས་དང་པོ་ཐོན་འགོ་ཚུགས།

    མངགས་གསོའི་སློབ་གྲྭར་ཕྱིན། མི་ཚེར་འགྱུར་ལྡོག་བྱུང་།

    ལོ་15ལ་སླེབས་སྐབས་ལྷག་པ་དོན་གྲུབ་ཀྱི་འཚོ་བར་འགྱུར་ལྡོག་འགྲོ་འགོ་ཚུགས། ལོ་དེར་ཁོང་ལྷ་སའི་མངགས་གསོའི་ལྟེ་གནས་སུ་སླེབས་པ་དང་དེ་ནི་ལྷ་སའི་མངགས་གསོའི་ལྟེ་གནས་གསར་སྐྲུན་བྱས་ནས་སློབ་མ་བསྡུ་བའི་ལོ་དང་པོ་ཡིན་པ་རེད། ལྟེ་གནས་སུ་ལྷ་སའི་ས་ཕྱོགས་ཁག་གི་དབང་སྐྱོན་ཕྲུ་གུ་མང་པོ་སླེབས་ཡོད་པ་དང་དེའི་ནང་སློབ་ཆུང་གི་སློབ་ཚན་སློབ་ཁྲིད་དང་དབང་སྐྱོན་སློབ་མའི་དགའ་ཕྱོགས་ཀྱི་སློབ་ཚན་སློབ་ཁྲིད་བྱེད་ཀྱི་ཡོད་ལ། དབང་སྐྱོན་ཕྲུ་གུའི་འཚོ་བའི་ཐད་ལ་ལྟེ་གནས་ཀྱིས་ཕྱོགས་ཡོངས་ནས་འགན་ཁུར་གྱི་ཡོད་པས་དབང་སྐྱོན་ཕྲུ་གུ་རྣམས་བདེ་ཐང་ངང་འཚར་ལོངས་བྱུང་བཞིན་ཡོད།

    ལྷག་པ་དོན་གྲུབ་དུས་རྒྱུན་ལག་ཐོགས་ཁ་པར་བེད་སྤྱད་ནས་པར་ལེན་བྱེད་པར་དགའ་པོ་ཡོད་པ་རྒན་འཇིགས་མེད་ལགས་ཀྱིས་ཤེས་འཕྲལ། ལྷག་པ་དོན་གྲུབ་ལ་པར་རྒྱག་ལག་རྩལ་སྦྱོང་བའི་ཆ་རྐྱེན་བཟང་པོ་སྐྲུན་ཐབས་བྱས། དེ་ནས་བཟུང་ཁོང་གིས་པར་ལེན་གྱི་ཤེས་བྱར་འབད་བརྩོན་དང་རིམ་བཞིན་བརྙན་ཐུང་པར་ལེན་ལ་སློབ་སྦྱོང་བྱས་པས་ལྟེ་གནས་ཀྱི་པར་ལེན་མཁན་དུ་གྱུར་བས་ཁོང་གི་མི་ཚེར་འགྱུར་ལྡོག་འགྲོ་འགོ་ཚུགས།

    ཀུང་སིར་ལས་ཞུགས་ཐུབ། རིན་ཐང་མངོན་འགྱུར་བྱུང་།

    2021ལོར་ལྷག་པ་དོན་གྲུབ་ཀྱིས་རྒན་སྒྲོལ་མ་ལགས་ངོ་ཤེས། རྒན་སྒྲོལ་མ་ལགས་ཀྱི་རོགས་རམ་འོག་ལྷག་པ་དོན་གྲུབ་ལྷ་སའི་མཐོ་སྒང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིར་ལས་ཀར་འགྲོ་བའི་གོ་སྐབས་བྱུང་། དེ་ནི་དབང་པོ་སྐྱོན་ཅན་ཞིག་གི་ངོས་ནས་བརྗོད་ན་གཏམ་བཟང་ཞིག་རེད། དུས་དེ་ནས་བཟུང་ལག་གཉིས་ལ་བརྟེན་ནས་ཡོང་འབབ་གསོག་འགོ་ཚུགས་པས་ལྷག་པ་དོན་གྲུབ་ཀྱི་འཚོ་བར་རེ་བའི་འོད་སྣང་རིམ་གྱིས་ཤར།

    ཁོང་གིས་གསར་འགོད་པར“ང་ནི་ཀུང་སིའི་ཐོན་རྫས་དྲ་ཐོག་ཏུ་འཚོང་སྐབས་པར་ལེན་མཁན་ཞིག་ཡིན། ལས་ཀ་འདི་པར་བརྒྱབ་ཤེས་པ་ཙམ་གྱིས་མི་འགྲིག་པར། སྔོན་ལ་ཚོང་ཟོག་གི་ཁྱད་ཆོས་ལ་གཞིགས་ནས་པར་འདྲ་མིན་སྣ་ཚོགས་ལེན་དགོས། ངས་ཚོང་ཟོག་གཅིག་ལ་པར་མང་ཤོས་ཐེངས་བརྒྱ་ཙམ་བརྒྱབ་ནས་དེའི་ནང་གི་པར་རྩེ་གྲ་དྲ་བའི་ཐོག་བཞག་སྟེ་ཅ་ལག་འཚོང་གི་ཡོད། དྲ་ཐོག་ཚོང་ཟོག་གི་པར་དུས་ཚོད་རིང་པོ་མ་བརྗེས་པར་བཞག་ན་མི་འགྲིག་པར་དུས་ཚོད་འཚམ་པོ་ཞིག་ལ་པར་གསར་པ་བརྗེས་ནས་ཚོང་ཟོག་སླར་ཡང་ངོ་སྤྲོད་བྱེད་དགོས”ཞེས་ཉམས་མྱོང་ཆེན་པོས་བཤད།

    ཡང་ལྷག་པ་དོན་གྲུབ་ཀྱིས“པར་ལེན་མཁས་ཅན་ཁྲེ་ཀང་གིས་ང་པར་ལེན་ལ་དགའ་པོ་ཡོད་པ་ཤེས་རྗེས་རང་ནུས་ཡོད་རྒུས་རོགས་རམ་བྱས་བྱུང་། རྒན་ཁྲེ་ཀང་གིས་ང་ལ་པར་ཆས་ཡག་པོ་གཅིག་གནང་བྱུང་ལ་པར་རྒྱག་ལག་རྩལ་མང་པོ་བསླབས་པས་ངའི་པར་ལེན་ལག་རྩལ་རིམ་བཞིན་ཡག་ཏུ་ཕྱིན་པ་མ་ཟད། ད་ཆ་ང་རང་ལའང་པར་ལེན་ལ་དགའ་བའི་དབང་པོ་སྐྱོན་ཅན་སློབ་མ་གཉིས་ཡོད”ཅེས་བཤད།

    ཕུགས་འདུན་མངོན་འགྱུར་ཆེད། འཆར་གཞི་ལེགས་པར་བཏིང་།

    མ་འོངས་པའི་ལོ་ཟླའི་ནང་། ལྷག་པ་དོན་གྲུབ་ལ་རང་གི་འཆར་གཞི་གསལ་པོ་ཡོད་པ་རེད། ཁོང་གི་ཕུགས་འདུན་ཆེ་ཤོས་ནི་རྒྱལ་ས་པེ་ཅིང་ལ་ཕྱིན་ནས་གནམ་བདེ་སྒོ་མོ་ཆེ་པར་ལེན་བྱ་རྒྱུ་དེ་ཡིན་པ་དང་དེ་ནི་ལོ་མང་གོང་ནས་སེམས་སུ་འཆར་ཡང་རང་གི་གཟུགས་པོའི་གནས་ཚུལ་དང་པར་ལེན་ལག་རྩལ་སོགས་ཀྱིས་རྐྱེན་པས་གོ་སྐབས་མ་བྱུང་། ད་ལྟ་འགྲིམ་འགྲུལ་སྟབས་བདེ་བ་དང་འཚོ་བའི་ཆ་རྐྱེན་ཡག་པོ་ཡོད་པས་ཕྱིན་ཆད་ལྷག་པ་དོན་གྲུབ་རྒྱལ་ས་པེ་ཅིང་ལ་སླེབས་རྒྱུར་ཐེ་ཚོམ་ཅི།

    ལྷག་པ་དོན་གྲུབ་ཀྱིས་དབང་པོ་སྐྱོན་ཅན་མང་པོའི་བསམ་ཚུལ་ཉན་པ་དང་རང་གི་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ནས། དབང་པོ་སྐྱོན་ཅན་མང་པོ་ཕྱིར་ལས་ཀར་འགྲོ་མི་བདེ་བས་འཚོ་བའི་ཆ་རྐྱེན་ཡག་པོ་མེད་པ་ཤེས་རྟོགས་བྱུང་། དེར་བརྟེན་ཁོང་གིས་སྤྱི་ཚོགས་ཐོག་གི་ལས་རིགས་མང་པོར་བརྟག་དཔྱད་བྱས་པ་བརྒྱུད་དངུལ་རྩའི་མ་འཇོག་ནི་ཡོང་འབབ་བྱུང་བའི་ཐབས་ལམ་ཡག་ཤོས་གཅིག་ཡིན་པར་ཤེས། 2025ལོ་ནས་ད་བར། ཁོང་གིས་དངུལ་རྩའི་མ་འཇོག་གི་ཤེས་བྱར་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་ཁོང་གི་རེ་བ་ནི་རང་ཉིད་དངུལ་རྩའི་མ་འཇོག་ལ་བྱང་ཆུབ་པ་ཞིག་བྱུང་ན་དེ་བས་མང་བའི་དབང་པོ་སྐྱོན་ཅན་ལ་དངུལ་རྩའི་མ་འཇོག་གི་ཤེས་བྱ་སློབ་སྦྱོང་བྱེད་དུ་བཅུག་ནས་ཁྱིམ་ནས་དོན་དགོས་མེད་པར་ཡོང་འབབ་གསོག་ཐུབ་པ་བྱ་རྒྱུ་དེ་རེད།

    མཇུག་ཏུ་ཁོང་གིས་གསར་འགོད་པར“ངའི་དགའ་ཤོས་ནི་པར་རྒྱག་རྒྱུ་དེ་ཡིན། མ་འོངས་པའི་དུས་ཚོད་ནང་། པར་ཆས་དང་བརྙན་ཆས། མི་མེད་གནམ་གྲུ་བཅས་བེད་སྤྱད་ནས་པར་དང་བརྙན་ཐུང་དེ་བས་མང་བ་བརྒྱབ་སྟེ། མཛེས་སྡུག་ལྡན་པའི་བོད་ལྗོངས་དང་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་རྣམ་པ་པར་ལེན་གང་མང་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།