རྒྱལ་སྨན་གྲོང་ཚོར་ལམ་སྒྲོན་ཁྲ་ལྷམ་མེར་གསལ་བ།
ས་རྦད་དེ་རུབ་རྗེས། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་གྲོང་ཚོའི་མ་ལམ་དུ་ཉི་གློག་གི་ལམ་སྒྲོན་60རིམ་པ་བཞིན་ཁྲ་ལྷམ་མེར་གསལ།
ཟླ་བ་འགའི་སྔོན་ལ་ལམ་དེར་མཚན་མོ་མུན་ནག་གི་ཀློང་ལས་གང་ཡང་མཐོང་གི་མེད། དེས་ན་ཡུལ་མི་ཚོ་ཕྱིར་སྐྱོད་སྐབས་སྦི་ཅི་ལི་ཁྱེར་ནས་ག་ལེར་འགྲོ་དགོས་ཀྱི་ཡོད།
ཉི་གློག་ལམ་སྒྲོན་60དེ་དག་ནི་རྒྱལ་སྨན་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅོ་ལྔ་པས་མ་དངུལ་སྒོར་ཁྲི་8.1བརྩོན་ལེན་བྱས་ནས་བསྒར་བ་ཞིག་རེད། དེ་དང་ཆབས་ཅིག གྲོང་ཚོས་གྲོང་ཚོ་རིམ་པའི་འགྲོ་གྲོན་ནས་སྒོར་ཁྲི་1.3བཏོན་ཏེ་དེ་སྔོན་སྐྱོན་ཤོར་བའི་ལམ་སྒྲོན་ཚང་མ་བརྗེས་པ་རེད།
རྒྱལ་སྨན་གྲོང་ཚོ་ནི་ས་མ་འབྲོག་གི་གྲོང་ཚོ་ཞིག་ཡིན་པ་དང་ཡུལ་མི་རྣམས་ཁ་ཐོར་དུ་གནས་ཤིང་། གྲོང་ཚོའི་ལམ་བུར་ཡུན་རིང་གློག་སྒྲོན་གྱིས་འདང་གི་མེད། “ཉིན་བརྒྱར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བརྟག་ཞིབ་བྱེད་པའི”ཁྲོད་དུ་གྲོང་སྡོད་ལས་དོན་རུ་ཁག་གིས“མཚན་མོ་ཕྱིར་བསྐྱོད་དཀའ་བའི”གནས་ཚུལ་དེ་དམངས་ཀྱི་གནས་ཚུལ་འགོད་སའི་ཟིན་ཐོར་འཁོད། “རྒན་རྒོན་འགྱེལ་བའི་སེམས་ཁྲལ་དང་། ཕྲུ་གུ་རིལ་བའི་སེམས་ཁྲལ། ཕྱུགས་རིགས་བརླག་པའི་སེམས་ཁྲལ”བཅས་གློག་གི་གནད་དོན་ཞིག་ཏུ་སྣང་ཡང་དོན་དངོས་ཐོག་དེ་ནི་མང་ཚོགས་ཚོའི་སེམས་ནང་གི་བདེ་འཇགས་ཚོར་སྣང་གི་གནད་དོན་ཞིག་རེད།
ལམ་སྒྲོན་སྒར་དགོས་རུང་དངུལ་གང་དུ་འཚོལ་བར་འགྲོ་དགོས་སམ། ལས་དོན་རུ་ཁག་གིས་མངགས་སྡོད་ཚན་པ་ནས་བརྩོན་ལེན་བྱེད་ཞོར་གྲོང་ཚོའི“ཨུ་ལྷན་གཉིས”དང་མ་དངུལ་གྱི་གནད་དོན་གྲོས་བསྡུར་ཡང་ཡང་བྱས།
ལམ་སྒྲོན་བསྒར་བ་དེའང་“གློག་ཤིང་བཙུགས་པ་ཙམ་ཞིག་མིན་པར” གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོང་ཚོའི་འགྲོ་ལམ་བརྒྱུད་རེ་རེ་བཞིན་ལ་རྩད་ཞིབ་བྱས་ཏེ་ལམ་སྒྲོན་སྔོན་ལ་མ་ལམ་དང་། མང་ཚོགས་ཀྱི་གཅིག་སྡུད་བྱེད་སྒོ་སྤེལ་ཁུལ། སྡོད་གནས་ཁ་ཐོར་ཡིན་པའི་རང་བྱུང་ཚོགས་ཆུང་བཅས་སུ་བསྒར་རྒྱུ་བྱས་པ་དང་། སྒྲིག་ཆས་དག་ནི་ནུས་རྒྱུ་གྲོན་ཆུང་དང་བཀོལ་སྤྱོད་བདེ་བའི་ཉི་གློག་ལམ་སྒྲོན་ཡིན་པས། གློག་སྐུད་ཁྲིད་ནས་གློག་མཁོ་འདོན་མི་དགོས་པ་མ་ཟད། བདག་སྐྱོང་གི་མ་གནས་ཀྱང་ཆུང་དུ་ཕྱིན་ཡོད་པ་རེད།
ལམ་སྒྲོན་བསྒར་རྗེས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚོགས་འདུའང་མཚན་མོ་བློ་བདེ་པོས་འཚོག་ཆོག་པ་དང་མང་ཚོགས་བྱེད་སྒོ་ཁང་དུ་ཡོང་སྐབས་ཀྱང་སྟབས་བདེ་རུ་ཕྱིན་ཡོད།
ལམ་སྒྲོན་60ལས་གསལ་བ་ནི་གྲོང་ཚོའི་འགྲོ་ལམ་ཁོ་ན་མ་ཡིན། རྒྱལ་སྨན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་འགན་འཁུར་བས“ཡུལ་མི་ཚོའི་ཁང་པའི་རྒྱབ་མདུན་གྱི་བྱ་བ་ཆུང་ཙག་ཡག་པོ་བསྒྲུབས་ཚེ། གྲོང་སྡོད་ལས་བྱེད་པའི་ལས་ཀ་གཞི་ནས་མང་ཚོགས་ཀྱི་སེམས་ལ་འབབ་སྲིད། ལམ་སྒྲོན་བསྒར་བ་ལས་གྲོང་སྡོད་ལས་དོན་རུ་ཁག་ལ་མང་ཚོགས་ཀྱིས་ཡིད་ཆེས་བྱེད་ཚད་ཀྱང་སྔར་བས་ཟབ་ཏུ་ཕྱིན་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།