ཉིང་ཁྲིའི་གློག་དྲའི་ཐེག་ཚད་ཀྱིས་སླར་ཡང་ཟིན་ཐོ་གསར་པ་བཏོད་པ།
ཉེ་ཆར། གསར་འགོད་པར་རྒྱལ་ཁབ་གློག་དྲ་ཉིང་ཁྲི་གློག་འདོན་ཀུང་སི་ནས་ཤེས་རྟོགས་བྱུང་བར། དགུན་དུས་སུ་གནམ་གཤིས་མུ་མཐུད་གྲང་དུ་འགྲོ་བ་དང་། གཙོ་གནད་རྣམ་གྲངས་ལ་མུ་མཐུད་སྐུལ་འདེད་གཏོང་བ། ཀོང་པོའི་ལོ་གསར་རིང་ཡུལ་སྐོར་བ་མང་དུ་འགྲོ་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ལས་ཉིང་ཁྲིའི་གློག་དྲའི་ཐེག་ཚད་མུ་མཐུད་མཐོ་རུ་ཕྱིན་ནས་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད། ཟླ་11ཚེས་10ཉིན་གྱི་ཆུ་ཚོད་19དང་སྐར་མ་20ཡི་ཐོག་ཉིང་ཁྲིའི་གློག་དྲའི་ཐེག་ཚད་མཐོ་ཤོས་ཆན་ཝ་ཁྲི་40.17ཟིན་ནས་ལོ་རྒྱུས་ཐོག་ཆན་ཝ་ཁྲི་40ལས་ཐོག་མར་བརྒལ་ཡོད། མིག་སྔར། ཉིང་ཁྲིའི་གློག་དྲ་ཧྲིལ་པོ་འཁོར་རྒྱུག་བརྟན་པོ་དང་གློག་ཤུགས་མཁོ་སྤྲོད་འདང་ངེས་ཡོད་པ་རེད།
གློག་སྤྱོད་ཚད་ཀྱི་གྲངས་གཞི་ལས་ཀྱང་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གློག་སྤྱོད་དགོས་མཁོ་རྒྱུན་མཐུད་ཆེ་རུ་ཕྱིན་པ་མངོན་ཡོད། 2026ལོའི་ཟླ་དང་པོ་ནས་བཅུ་པའི་བར། ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་ཚོགས་ཡོངས་ཀྱིས་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་16.66ཟིན་པ་དེ་དུས་མཚུངས་ལས་27.86%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་0.16ཟིན་པ་དེ་དུས་མཚུངས་ལས་66.80%འཕར་བ་དང་། ཐོན་ལས་གཉིས་པར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་4.62ཟིན་པ་དེ་དུས་མཚུངས་ལས་55.81%འཕར་བ། ཐོན་ལས་གསུམ་པར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་9.61ཟིན་པ་དེ་དུས་མཚུངས་ལས་18.90%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་2.27ཟིན་པ་དེ་དུས་མཚུངས་ལས་20.35%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།