ནག་ཆུའི་དབྱར་རྩྭ་དགུན་འབུའི་མིང་བྱང་སྲུང་བར་བརྩོན།
——ནག་ཆུ་གྲོང་ཁྱེར་དང་འབྲི་རུ་རྫོང་གི་སྲིད་གྲོས་ཀྱི་ཨུ་ཡོན་བསོད་ནམས་རྒྱལ་གྱི་སྐོར་བཀོད་པ།
ནག་ཆུ་ནི་རྒྱལ་ཡོངས་ཀྱི་རི་སྐྱེས་དབྱར་རྩྭ་དགུན་འབུ་སྤུས་ལེགས་ཐོན་ཁུལ་གཙོ་བོ་ཞིག་ཡིན་པ་དང་། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ནག་ཆུ་གྲོང་ཁྱེར་གྱི་རྫོང་དང་ཆུས་6ལ་ཁྱབ་ཅིང་། ཉེ་བའི་ལོ་ལྔའི་རིང་། ཐོན་ཚད་བསྡོམས་འབོར་སྤྱི་རྒྱ་ཁྲི་11.06དང་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་32ལྷག་ཙམ་ཟིན་གྱི་ཡོད། དུས་ཡུན་རིང་པོའི་ནང་། ས་མཐོའི་དབྱར་རྩྭ་དགུན་འབུས་ས་གནས་དེ་གའི་ཞིང་འབྲོག་པ་མང་པོར་འབབ་འཕར་བཏོད་ནས་མིང་དོན་མཚུངས་པའི་ཐོན་ལས་ཡག་ཤོས་སུ་འགྱུར་ཡོད།
འོན་ཀྱང་། ཉེ་བའི་ལོ་ཤས་རིང་། དབྱར་རྩྭ་དགུན་འབུའི་ཁྲོམ་རར་ཐོན་རྫས་བདེན་རྫུན་དབྱེ་འབྱེད་དཀའ་བའི་ཟང་ཟིང་གི་རྣམ་པ་ཐོན་ཡོད། ཡུན་རིང་དབྱར་རྩྭ་དགུན་འབུའི་ལས་རིགས་སུ་ཞུགས་མྱོང་བའི་ནག་ཆུ་གྲོང་ཁྱེར་དང་འབྲི་རུ་རྫོང་གི་རིམ་པ་གཉིས་ཀྱི་སྲིད་གྲོས་ཨུ་ཡོན་བསོད་ནམས་རྒྱལ་གྱིས་ཟང་ཟིང་གི་རྣམ་པ་དེ་དག་ལ་སེམས་ཁྲལ་ཆེན་པོ་གནང་གི་ཡོད།
“དབྱར་རྩྭ་དགུན་འབུའི་རིན་ཐང་ཆག་ནས་འཛད་སྤྱོད་པས་ཉོ་འདོད་མི་བྱེད་པ་ཡིན་ནམ”ཞེས་གཞན་གྱིས་བསོད་ནམས་རྒྱལ་ལ་རྟག་ཏུ་འདྲི་གི་ཡོད། ཁྲོམ་རའི་གདེང་འཇོག་དང་ལས་རིགས་ཀྱི་མཚན་སྙན་ལ་དངོས་འབྲེལ་ཤུགས་རྐྱེན་བཟོ་མཁན་ནི་དབྱར་རྩྭ་དགུན་འབུའི་སྤུས་ཚད་ཞན་དུ་དང་རིན་ཐང་ཆུང་དུ་སོང་བ་དེ་མིན་པར། དེ་ལས་ཁྲོམ་རའི་ཟང་ཟིང་གི་རྣམ་པ་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་དེ་རེད། མི་ཐབས་ལ་བརྟེན་ནས་བཏབ་པའི་དབྱར་རྩྭ་དགུན་འབུས་རི་སྐྱེས་དབྱར་རྩྭ་དགུན་འབུའི་ཚབ་བྱེད་པ་དང་སྤུས་ཞན་གྱི་དབྱར་རྩྭ་དགུན་འབུས་ནག་ཆུའི་སྤུས་ལེགས་ཀྱི་དབྱར་རྩྭ་དགུན་འབུའི་ཚབ་བྱེད་པ་སོགས་ཁྲིམས་འགལ་བྱེད་སྤྱོད་དེ་དག་གིས་རྒྱུན་གཏན་གྱི་ཉོ་ཚོང་སྒྲིག་ལམ་ལ་གཏོར་བཤིག་བཏང་བ་མ་ཟད། ནག་ཆུའི་དབྱར་རྩྭ་དགུན་འབུ་སྤུས་ལེགས་དག་ལའང་ཤུགས་རྐྱེན་ཐེབས་ནས། འཛད་སྤྱོད་པས་ཉོ་མི་ཕོད་པ་དང་ཡིད་ཆེས་བྱེད་མི་ཕོད་པར་གྱུར་ཏེ་མཐར་ཐོན་ལས་ཧྲིལ་པོ་དང་ས་གནས་དེ་གའི་ཞིང་འབྲོག་པའི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་ཕོག་པར་བསོད་ནམས་རྒྱལ་གྱིས་ངོས་འཛིན་བྱེད་ཀྱི་ཡོད།
བསོད་ནམས་རྒྱལ་གྱིས་དབྱར་རྩྭ་དགུན་འབུའི་ཐོན་ལས་ལ་བརྩེ་བ་ཟབ་མོ་བཅངས་ཤིང་། སློབ་གྲྭ་ཆེན་མོ་ཐོན་རྗེས་ཁོང་གིས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་གདམ་ག་བྱས། སྤྱི་ཚོགས་སུ་ཐོག་མར་སྐྱོད་སྐབས་ཁོང་ལ་ཐོན་ཁུངས་དང་ཉམས་མྱོང་སོགས་གང་ཡང་མེད་པས་ཇ་ཁང་འཛུགས་པ་དང་ཁྲོམ་འདོན་པ་ནས་འགོ་བཙུགས་ཏེ་ལས་གཏོད་ཀྱི་ཐབས་ལམ་འཚོལ་བའི་ལམ་ལ་བཞུད།
ལས་རིགས་འཕེལ་རྒྱས་ཚད་ལྡན་དུ་གཏོང་ཆེད། 2024ལོར་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་དབྱར་རྩྭ་དགུན་འབུའི་མཐུན་ཚོགས་བཙུགས་པ་དང་བསོད་ནམས་རྒྱལ་ཚོགས་གཙོར་བདམས་ཡོད། སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཁོང་ནི་ལས་གཏོད་པ་ཙམ་ཞིག་མིན་པར། དེ་བས་ལས་རིགས་ཀྱི་སྐད་ཆ་ཤོད་མཁན་དང་། མང་ཚོགས་ཀྱི་སེམས་ཁྲལ་སེལ་མཁན། ཐོན་ལས་ཀྱི་ཕུགས་ཇུས་འདིང་མཁན་བཅས་སུ་གྱུར་ཏེ། རྒྱུན་གཏན་གྱི་ཚོང་གཉེར་ཁྲོད་ནས་མཐོང་བའི་འགག་གནད་དང་དཀའ་གནད་དག་ལས་རིགས་ཚད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་ཀྱི་བྱ་བར་བསྒྱུར་བའི་ཐབས་དང་ཇུས་འདོན་གྱི་ཡོད།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ལམ་ལུགས་ལ་བརྟེན་ནས་དབྱར་རྩྭ་དགུན་འབུའི་ཐོན་ལས་འཕེལ་རྒྱས་ལ་སྲུང་སྐྱོང་རྒྱུན་མཐུད་བྱས་ཤིང་། 2025ལོའི་ཟླ་5པར། 《ནག་ཆུ་གྲོང་ཁྱེར་གྱི་ནག་ཆུའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོང་དོ་དམ་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་ནས། ནག་ཆུའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོང་གི་ངེས་གནས་ཁ་གསལ་བཟོས་ཁར། “མི་རེར་ལག་ཁྱེར་རེ་དང་ལོ་རེར་ལག་ཁྱེར་རེ་སྤྲོད་པའི”སྔོག་འཐུའི་དོ་དམ་ལམ་ལུགས་ལག་ལེན་བསྟར་ཏེ་སྔོག་འཐུའི་ཁྱབ་ཁོངས་དང་། སྔོག་འཐུའི་དུས་ཚད། སྐྱེ་ཁམས་སླར་གསོ། བདེ་འཇགས་དོ་དམ་སོགས་ཚང་མ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ལམ་སྲོལ་ནང་བཅུག་པ་རེད།
བསོད་ནམས་རྒྱལ་གྱིས། ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་ལམ་ལུགས་ལ་བརྟེན་ནས་སྒྲིག་ལམ་བཟོ་དགོས་ལ། ལྟ་འདོམས་ལ་བརྟེན་ནས་ཞན་ཆའང་སེལ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། 2024ལོར་ཁོང་གིས་ལས་རིགས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས《ནག་ཆུའི་དབྱར་རྩྭ་དགུན་འབུའི་ཁུངས་འདེད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་གཞི》ཞིག་ཕུལ་བ་རེད། “ཁུངས་འདེད་མ་ལག་ནི་ཕྱི་ཚུལ་ཙམ་མིན་པར། དབྱར་རྩྭ་དགུན་འབུར‘ཐོབ་ཐང་ལག་ཁྱེར’བཟོ་བ་དང་འཛད་སྤྱོད་པར‘སེམས་རྣལ་རིལ་བུ’སྤྲོད་པ་ཞིག་རེད། བསོད་ནམས་རྒྱལ་གྱིས་དབྱར་རྩྭ་དགུན་འབུའི་ཁུངས་འདེད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དེས། འབྱུང་རྩ་ནས་བདེན་རྫུན་དབྱེ་འབྱེད་དང་ཐོན་ཡུལ་གཏན་འཁེལ་བྱུང་སྟེ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཐུབ་པ་མ་ཟད། ཁྲོམ་རའི་ཁོར་ཡུག་ཀྱང་ལེགས་སུ་ཕྱིན་ནས་ནག་ཆུའི་དབྱར་རྩྭ་དགུན་འབུའི་ཐོན་ལས་འཁོར་རྒྱུག་བཟང་པོས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་ཐུབ་རེ་བྱེད་ཀྱི་ཡོད།
ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གྱི་གཞོན་ནུ་ཞིག་ནས་ལས་རིགས་ཀྱི་སྣེ་འཁྲིད་མཁན་བར་དང་། དེ་ནས་རང་འགན་གཙང་སྒྲུབ་བྱེད་མཁན་གྱི་སྲིད་གྲོས་ཨུ་ཡོན་ཞིག་ཏུ་འགྱུར་བའི་བར། བསོད་ནམས་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ་ས་མཐོར་གཞིས་ཆགས་ནས་དབྱར་རྩྭ་དགུན་འབུའི་ཐོན་ལས་ལ་སེམས་ནུས་རྩེ་གཅིག་ཏུ་འདོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།