ཧྲང་ཧའེ་བོད་སྐྱོར་གྱིས“རང་བརྟེན་རྣམ་པའི”འཛད་སྤྱོད་རོགས་སྐྱོར་བྱེད་སྟངས་འཚོལ་ཞིབ་བྱས་པ།
“གཞིས་རྩེ་དང་ཧྲང་ཧའེ་ཡི་མཛའ་གྲོགས”དྲ་ཚོང་ལས་སྟེགས་ནས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་300ལྷག་ཙམ་ཟིན་པ།
གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱུང་བར། ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་གཅིག་པའི་འབྲེལ་གཏུག་ཚོགས་ཆུང་གིས་བཏོད་པའི“གཞིས་རྩེ་དང་ཧྲང་ཧའེ་ཡི་མཛའ་གྲོགས”དྲ་ཚོང་ལས་སྟེགས་སྤྱོད་འགོ་ཚུགས་ནས་ཟླ་བ་ལྔ་སོང་རིང་། རིམ་རྩིས་བརྒྱབ་ན་དྲ་ཐོག་དང་དྲ་ཕྱི་ནས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་300ལྷག་ཙམ་ཟིན་ཡོད། གཞིས་རྩེའི་ནས་དང་། ཚགས་ཤ གྲོ་མོའི་མོག་རོ། གླ་ཚེར་སོགས་ཞིང་ལས་ཁྱད་ལྡན་ལས་སྣོན་ཐོན་རྫས་རི་ཆུ་བརྒལ་བའི་དྲ་ཚོང་གི་སྦྲེལ་ལམ་བརྒྱུད་གངས་ལྗོངས་ནས་རྒྱལ་ཡོངས་སུ་འདོན་ཐུབ་ཡོད།
གཞིས་རྩེའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དེ་དག་སྔར་ནས་སྤུས་ཚད་ལེགས་པའི་དབང་གིས་སྐད་གྲགས་ཆོད་ཡོད་མོད། འོན་ཀྱང་ས་ཁོངས་དང་། འཁོར་རྒྱུག སྤུས་རྟགས། གཉེར་སྐྱོང་ནུས་པ་སོགས་ཀྱི་ཚོད་འཛིན་ཕོག་ནས། དུས་ཡུན་རིང་པོར་ཡུལ་གཞན་གྱི་མི་ཚོས་ཤེས་རྟོགས་དེ་ཙམ་མེད་པའི་གནས་སུ་གྱར་ཡོད། བོད་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚོགས་ཆུང་གིས“གཞིས་རྩེའི་དགོས་མཁོ་དང་ཧྲང་ཧའེ་ཡི་འཇོན་ཐང”ལ་གཞི་ཚུགས་ཏེ། དྲ་ཚོང་དམ་འཛིན་བྱ་གཞིར་བྱས་ནས་ཐོན་ཚོང་སྦྲེལ་ལམ་ཤར་གཏོང་དང་ཞིང་འབྲོག་ཁུལ་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ་དང་། ས་གནས་དེ་གའི་དྲ་ཚོང་གི་སྟོབས་ཤུགས་སྐྱེད་སྲིང་བྱས་ཏེ། ས་མཐོའི་ཁྱད་ལྡན་ཐོན་ཁུངས་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བའི་ཐོན་ལས་ཀྱི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།
“བོད་ཀྱི་ཐོན་རྫས་ཧྲང་ཧའེ་རུ་དབོར་བར”སྐུལ་འདེད་གཏོང་ཆེད། ན་ནིང་ནས་བཟུང་། བོད་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚོགས་ཆུང་གིས་མཁོ་སྤྲོད་སྦྲེལ་ཐག་ཟམ་མི་ཆད་པར་བཏོད་པ་དང་། ཐོན་རྫས་ཚོང་ལམ་རྒྱ་ཆེར་བཏང་བ། འཛད་སྤྱོད་རོགས་སྐྱོར་བྱེད་སྟངས་གསར་གཏོད་བྱས་ཡོད། ཧྲང་ཧའེ་ཡི་མཐོ་སློབ་ཇུས་འགོད་ཚོགས་པ་དང་མཉམ་དུ་ཐོན་རྫས་ཀྱི་ཐུམ་སྒྲིལ་ལེགས་སུ་གཏོང་བ་དང་། ས་མཐོའི་རིག་གནས་ཀྱི་གཏམ་རྒྱུད་སྔོག་འདོན་བྱས་ནས་ཡུལ་ཟོག་ཚད་ལྡན་ཅན་དང་ཁུངས་འདེད་ཐུབ་པར་སྐུལ་འདེད་བཏང་བ་དང་། ཧྲང་ཧའེ་མཛོད་ཉར་ཟོག་འགྲུལ་མ་ལག་ལ་བརྟེན་ནས་སྔོན་འཇོག་མཛོད་ཁང་བཙུགས་ཏེ་ཕྱི་འདྲེན་གྱི་མ་གནས་དམའ་རུ་བཏང་ནས་ཞིང་ནང་དང་འབྲོག་ར་ནས་ཐད་ཀར་ཧྲང་ཧའེ་ཡི་གསོལ་ལྕོག་ཐོག་སྐྱེལ་ཐུབ་པའི་སྦྲེལ་ལམ་བཏོད་པ། ལྔ་ཟུང་ཟོག་ཉོའི་དུས་ཆེན་དང་། འཛད་སྤྱོད་ཀྱི་དགའ་ནེའུ་དུས་ཆེན། ནང་འདྲེན་འགྲེམས་ཚོགས་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་ཐོན་ཚོང་སྦྲེལ་མཐུད་འདུ་ཚོགས་དང་ཆེད་དོན་ཐད་གཏོང་དང་། བཟོ་ཚོགས་ཀྱི་ཉོ་སྒྲུབ་དང་། ཚོང་ཁང་དང་སྒོ་རྩིས་ཚོང་ཁང་། ཁེ་ལས་ཀྱི་མངགས་ཐོ་བཅས་མཉམ་འགུལ་བྱས་ཏེ“དྲ་ཐོག་དྲ་ཚོང་གི་ཁྲིད་སྟོན་དང་། དྲ་ཕྱིའི་འགྲེམས་ཚོགས་བརྒྱུད་མངགས་ཐོ་རྒྱ་སྐྱེད་གཏོང་བ། ཡུན་རིང་མངགས་ཐོ་ཐ་སྐྱོང”བཅས་ཟུང་དུ་འབྲེལ་བའི་འཛད་སྤྱོད་རོགས་སྐྱོར་བྱེད་སྟངས་ཤིག་གྲུབ་ཡོད།
འཛད་སྤྱོད་རོགས་སྐྱོར་བྱེད་སྟངས་ཀྱི་འགྱུར་ལྡོག་གཙོ་བོ་ནི་དེ་སྔའི“ཐེངས་གཅིག་རང་བཞིན་གྱི་ཉོ་སྒྲུབ”ནས“རང་བརྟེན་རྣམ་པའི”རོགས་སྐྱོར་བར་འགྱུར་ལྡོག་བྱུང་ཡོད། “དེ་སྔོན་འཛད་སྤྱོད་རོགས་སྐྱོར་མང་ཆེ་བ་དུས་ཐུང་གི་ཉོ་སྒྲུབ་ཡིན་ཞིང་། ད་ཆ་ཧྲང་ཧའེ་དང་བོད་ལྗོངས་ཀྱི་ཐད་གཏོང་དྲ་ཚོང་མནའ་འབྲེལ་གྱིས་དྲ་ཚོང་ཤེས་པ་དང་ཐད་གཏོང་ཤེས་པའི་ས་གནས་འདི་གའི་གཞོན་ནུ་ཁག་གཅིག་གསོ་སྐྱོང་ཐུབ་པ་དང་། ཞིང་འབྲོག་པ་དང་མཉམ་ལས་ཁང་མི་ཉུང་བ་ཞིག་གིས་རང་བརྟེན་ཚོང་ཁང་གཉེར་སྐྱོང་དང་ཁྲོམ་ར་དང་སྦྲེལ་མཐུད་བྱས་པས། འབབ་འཕར་གྱི་ཐབས་ལམ་སྔར་བས་བརྟན་དུ་སོང་ཡོད” གཞིས་རྩེ་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཧྭ་སུང་གིས། གཞིས་རྩེའི་ས་གནས་འདི་གའི་ཁེ་ལས་དེ་བས་མང་བས“གཞིས་རྩེ་དང་ཧྲང་ཧའེ་ཡི་མཛའ་གྲོགས”ཞེས་པའི་དྲ་ཚོང་ལས་སྟེགས་བརྒྱུད་མངགས་ཐོ་བརྟན་པོ་བྱུང་ནས་ཉེ་འཁོར་མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།