དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

    ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ལས་དབང་གཅིག་མཐུན་ཚོཌ་པ་མཉམ་དུ་འཛུགས་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-11-17

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་22པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་དགོས》ཞེས་པ་བཀོད་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2013ལོའི་ཟླ་10པ་ནས་2025ལོའི་ཟླ་11པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གནད་བཏུས་བྱས་པ་ཞིག་རེད།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཁག་གི་ཁེ་ཕན་མཉམ་འདྲེས་དང་ལས་དབང་གཅིག་མཐུན་ཡིན་པས། དར་ན་མཉམ་དར་དང་གུད་ན་མཉམ་གུད་རེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་པ་དང་འཕེལ་རྒྱས་འགྲོ་བ་དེ་སྒོ་དབྱེ་མཉམ་འདྲེས་ཀྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་མཐུན་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱིས་འཕེལ་རྒྱས་དོན་གཉེར་བྱེད་པའི་རེ་འདུན་ཆེན་པོ་དང་མཐུན་པ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐུན་མོང་གི་དགོས་མཁོ་དང་མཐུན་པ་བཅས་བྱུང་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་འཕར་སྣོན་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ད་ཆའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་ཤོས་ལྡན་པའི་དཔལ་འབྱོར་ཁུལ་ཞིག་རེད་ལ། འཛམ་གླིང་སྐྱེ་བོ་ཀུན་གྱིས་ཁས་ལེན་པའི་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་རེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འཕེལ་ཕྱོགས་ཆེན་པོ་རྒྱུན་མཐུད་བྱེད་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ཐུན་མོང་དར་རྒྱས་ཀྱི་འབྱུང་འགྱུར་བསུས་ཏེ། སྒོ་དབྱེ་བསྟུན་མཁས་དང་། གསར་གཏོད་འཕར་སྣོན། ཕན་ཚུན་སྦྲེལ་མཐུད། མཉམ་ལས་གཉིས་ཕན་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་དགོས།

    རྩོམ་ཡིག་ནང་བསྟན་དོན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱིས་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་བར་མུ་མཐུད་སྣེ་ཁྲིད་དགོས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཚོང་དོན་དང་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཕར་སྣོན་དང་དར་རྒྱས་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་དམིགས་ཚད་དུ་བཟུང་སྟེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འཛུགས་པའི་ཐོག་མའི་བསམ་འདུན་བསྐྱར་དུ་འཆང་བ་དང་། གསོན་ཤུགས་དང་སྙུགས་ཤེད་དེ་བས་ཆེ་བའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ཀྱིས་འཛམ་གླིང་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་དགོས། ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུའི་སྣེ་ཁྲིད་དེ་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་ཀྱིས་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་མི་མཐུན་པའི་ཆ་དང་རྩོད་གཞི་ཐག་གཅོད་བྱེད་དགོས། སྣེ་ཁྲིད་དེ་སྒོ་དབྱེ་མཉམ་འདྲེས་ལག་བསྟར་བྱས་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པ་དང་སྒྲིག་སྲོལ་རྨང་གཞིར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྣེ་ཁྲིད་དེ་མཉམ་ལས་གཉིས་ཕན་མཐའ་འཁྱོངས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་དངོས་ཚན་གྱི་སྣ་མང་རང་བཞིན་དང་འབུར་དུ་ཐོན་པའི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ནས། ཐུན་མོང་ཐོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཁག་དབར་ཕན་ཚུན་གྲུབ་འབྲས་གཏོད་པ་དང་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་མཉམ་ལས་བྱེད་སྟངས་ཆགས་པར་བྱེད་དགོས། སྣེ་ཁྲིད་དེ་ཀུན་ཕན་བསྟུན་མཁས་ལ་སྐུལ་འདེད་བཏང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་ཧེ་བག་དེ་བས་ཆུང་དུ་གཏོང་བ། མི་དམངས་ཀྱི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་དགོས།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། འཕེལ་རྒྱས་ཀྱི་ཚད་གཞི་གང་འདྲ་ཞིག་ཏུ་སླེབས་ཀྱང་ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དུ་གཞིས་ཚུགས་པ་དང་། འཛུགས་སྐྲུན་བྱེད་པ། ཕན་བདེ་བསྐྲུན་པ་བཅས་བྱེད་རྒྱུ་རེད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པ་དང་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱས་ཏེ། རང་ངོས་འཕེལ་རྒྱས་དོན་གཉེར་བྱེད་པ་དང་ཆབས་ཅིག ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རྒྱལ་ཁབ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཧུར་ཐག་བྱས་ནས་ཁུལ་དེའི་མི་དམངས་ལ་གོ་སྐབས་དེ་བས་མང་བ་བཏོད་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་ཡུན་རིང་འཕེལ་རྒྱས་དང་དར་རྒྱས་ཡོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད་ལ། ཕྱོགས་ཁག་གི་ཐུན་མོང་གི་བསམ་འདུན་ཞིག་ཀྱང་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འཕར་སྣོན་དང་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རང་མོས་ཚོང་དོན་ཁུལ་དང་། ཕན་ཚུན་སྦྲེལ་མཐུད། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས་སོགས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འཕེལ་རྒྱས་ལ་གསོན་ཤུགས་དང་སྒུལ་ཤུགས་དེ་བས་ཆེ་བ་བསྣན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མི་དམངས་ལ་ཕན་བདེ་དེ་བས་མང་བ་སྐྲུན་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།