དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མང་ཚོགས་དང་ཁེ་ལས་ལ་ཕན་པའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་བྱ་ཐབས་གསར་པ་ཁག་ལྔ་ཟླ་12ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-16

    ཚེས་9ཉིན་གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། ནང་འདྲེན་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་གསར་པར་འཁོར་བྱང་སྤྲོད་པ་སོགས་ཀྱི་མང་ཚོགས་དང་ཁེ་ལས་ལ་ཕན་པའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་སྒྱུར་བཅོས་བྱ་ཐབས་གསར་པ་ཁག་5བཏོན་ཏེ་ཟླ་12ཚེས་1ཉིན་ནས་བཟུང་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ་རེད།

    ནང་འདྲེན་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་གསར་པར་འཁོར་བྱང་སྤྲོད་པ་ཁྱབ་གདལ་གཏོང་རྒྱུ་ཡིན་ཞིང་། མང་ཚོགས་ཀྱིས་ནང་འདྲེན་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཉོས་རྗེས། “འགྲིམ་འགྲུལ་དོ་དམ་12123”གྱི་Appནས་ཨང་ཀི་འདེམས་པ་དང་འཁོར་བྱང་སྤྲོད་པའི་ལས་སྒོའི་འགྲོ་ལུགས་ཚང་མ་གཉེར་ཆོག་གི་ཡོད། དེས་ལས་སྒྲུབ་སྐར་ཁུང་དུ་འགྲོ་མི་དགོས་ལ་སྡེ་ཚན་དང་སྐར་ཁུང་མང་པོར་འགྲོ་འོང་ཡང་བྱེད་མི་དགོས་པས་འགྲོ་ལུགས་གཉེར་བའི་མང་ཚོགས་ཀྱི་ཁུར་པོ་ཡང་དུ་ཕྱིན་ནས་ཕྱིར་འགྲོ་མི་དགོས་པར་ཐོ་བཀོད་དེ་འཁོར་བྱང་ལེན་ཐུབ་རྒྱུ་རེད།

    ཁེ་ལས་ཀྱི་ཤོག་བུའི་ལས་གཉེར་ལག་ཁྱེར“འབུལ་མི་དགོས་པ”ཁྱབ་གསལ་གཏོང་རྒྱུ་ཡིན་ཞིང་། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་གློག་རྡུལ་ལས་གཉེར་ལག་ཁྱེར་གྱི་གྲངས་གཞི་དང་སྦྲེལ་མཐུད་བྱས་ནས། ཁེ་ལས་ལ་འགྲིམ་འགྲུལ་དོ་དམ་གྱི་ལས་སྒོ་གཉེར་སྐབས་བེད་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་རླངས་འཁོར་གསར་པའི་འཁོར་བྱང་སྤྲོད་པ་དང་ལག་བརྒྱུད་རླངས་འཁོར་ཀྱི་འཁོར་བདག་བརྗེ་བ་སོགས་འཕྲུལ་སྒུལ་འཁོར་རིགས་ཀྱི་ལས་སྒོར་ཤོག་བུའི་ལས་གཉེར་ལག་ཁྱེར་སྤྲོད་མི་དགོས་པར་བཟོས་པ་ལས། ཁེ་ལས་ཀྱི་ལས་སྒྲུབ་ལས་ཕྱོད་སྔར་བས་ཆེ་རུ་དང་ལས་སྒྲུབ་ཀྱི་མ་གནས་དམའ་རུ་འགྲོ་རྒྱུ་རེད།

    ཁེ་ལས་ཀྱི་དྲ་ཐོག་ལས་སྒྲུབ་ཞབས་ཞུ་སྟབས་བདེ་རུ་འགྲོ་རྒྱུ་ཡིན་ཞིང་། གློག་རྡུལ་ལས་གཉེར་ལག་ཁྱེར་རེ་ཞུ་བྱས་ཟིན་པའི་ཁེ་ལས་ལ“འགྲིམ་འགྲུལ་དོ་དམ12123”གྱི་Appསྤྱོད་མཁན་ཁེ་ལས་ཀྱི་དྲ་ཐོག་ཐོ་འགོད་ཞབས་ཞུ་སྒྲུབ་པ་དེས་ཁེ་ལས་འདི་ག་དང་དེ་བཞིན་ཡན་ལག་ཀུང་སིའི་གཤམ་འོག་གི་འཕྲུལ་སྒུལ་འཁོར་རིགས་ཀྱི་གནས་ཚུལ་དང་། ཁྲིམས་འགལ་ལས་འཛོལ། ལས་སྒོའི་དྲན་སྐུལ་སོགས་ཀྱི་ཆ་འཕྲིན་འདྲི་རྩད་ལ་སྟབས་བདེ་བསྐྲུན་རྒྱུ་རེད།

    དྲ་ཐོག་ནས་ཚོད་ལྟའི་རླངས་འཁོར་ལ་གནས་སྐབས་ཨང་རྟགས་བཟོ་རྒྱུར་སྟབས་བདེ་བསྐྲུན་རྒྱུ་ཡིན་ཞིང་། རླངས་འཁོར་ཐོན་སྐྱེད་ཁེ་ལས་ཀྱིས་དྲ་སྦྲེལ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་ཞབས་ཞུ་དོ་དམ་ལས་སྟེགས་བརྒྱུད་དྲ་ཐོག་ནས་ཚོད་ལྟའི་རླངས་འཁོར་ལ་གནས་སྐབས་ཨང་རྟགས་རེ་ཞུ་བྱེད་ཆོག་པ་དེས་སླར་ཡང་རླངས་འཁོར་དོ་དམ་ཁང་གི་སྐར་ཁུང་དུ་རེ་ཞུ་བྱེད་པར་འགྲོ་མི་དགོས་པས། ཁེ་ལས་ཀྱི་ལས་མི་འགྲོ་འོང་དང་ལས་སྒྲུབ་ཀྱི་མ་གནས་ཆུང་དུ་ཕྱིན་ནས་རླངས་འཁོར་ཐོན་ལས་འཕེལ་རྒྱས་འགྲོ་བར་རམ་འདེགས་ཐུབ་རྒྱུ་རེད།

    འགྲིམ་འགྲུལ་དོ་དམ་ཞའོ་ཨན་གྱིས“འདྲི་ཞོར་སྒྲུབ་པའི”ཚོད་ལྟའི་ཞབས་འདེགས་ཞུ་རྒྱུ་ཡིན་ཞིང་། ཐད་སྐྱོང་གྲོང་ཁྱེར་དང་། ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར། རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་དང་དེ་བཞིན་འཆར་གཞི་ལོགས་སུ་བཀོད་པའི་གྲོང་ཁྱེར་བཅས་སུ“འགྲིམ་འགྲུལ་དོ་དམ་12123”གྱི་Appཡི་འགྲུལ་པའི་རིག་ནུས་ཞབས་ཞུ་དང་འགྲིམ་འགྲུལ་དོ་དམ་ཞའོ་ཨན་དྲ་ཐོག་ཏུ་ཚོད་ལྟའི་ལས་གཉེར་བྱས་ཏེ། འགྲིམ་འགྲུལ་དོ་དམ་ལས་སྒོའི“འདྲི་ཞོར་སྒྲུབ་པའི”བྱེད་སྟངས་གསར་པ་བཏོན་ནས་མང་ཚོགས་ཀྱི་ལས་སྒྲུབ་མྱོང་ཚོར་ཟབ་ཏུ་དང་རིག་ནུས་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་འཕྲུལ་སྒུལ་འཁོར་རིགས་དང་ཁ་ལོ་བ་མགྱོགས་མྱུར་མང་དུ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས། 2026ལོའི་ཟླ་བཅུ་པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་དུང་ཕྱུར་4.8ཟིན་པ་ལས་རླངས་འཁོར་དུང་ཕྱུར་3.7ཡོད་པ་དང་ཁ་ལོ་བ་དུང་ཕྱུར་5.7ཟིན་ཡོད། སྤྱི་བདེ་པུའུ་ཡིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་རིམ་རྩིས་བརྒྱབ་ན་འགྲིམ་འགྲུལ་དོ་དམ་སྒྱུར་བཅོས་ཀྱི་ཞབས་ཞུའི་བྱ་ཐབས་170ལྷག་ཙམ་གསར་དུ་བཏོན་ནས་འགྲིམ་འགྲུལ་དོ་དམ་གྱི་སྲིད་དོན་ཞབས་ཞུ་སྔར་བས་ལེགས་སུ་དང་སྲིད་འཛིན་གྱི་ཕན་ནུས་ཆེ་རུ་བཏང་ནས་མང་ཚོགས་དང་ཁེ་ལས་ལ་ལས་སྒྲུབ་ཀྱི་མ་གནས་སྒོར་དུང་ཕྱུར་1000ལྷག་ཙམ་ཉུང་དུ་བཏང་ཡོད།

    བྱ་ཐབས་གསར་པ་བདེ་བླག་ངང་ལག་བསྟར་དང་དོན་འཁྱོལ་གནད་སྨིན་ཡོང་བའི་འགན་ལེན་བྱ་ཆེད། སྤྱི་བདེ་པུའུ་ཡིས་ལྷན་སྦྱར་ལམ་ལུགས་ཚད་ལྡན་བཟོ་བ་དང་ཆ་འཕྲིན་གྱི་མ་ལག་རིམ་སྤོར་སྒྲིག་འཛུགས་བྱས་ནས་མང་ཚོགས་དང་ཁེ་ལས་ལ་ཕན་པའི་བྱ་ཐབས་དོན་འཁྱོལ་གནད་སྨིན་ཡོང་བར་འགན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།