ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་འཛམ་གླིང་ལ་མུ་མཐུད་མཉམ་སྤྱོད་བྱེད་པ།
རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པར་གཡོ་འགུལ་ཐེབས་མི་སྲིད་པ་དང་། ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་བའི་གོམ་སྟབས་སྤོ་མཚམས་འཇོག་མི་སྲིད།
ཉེ་ཆར། ཀྲུང་གོ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་གྲངས་གཞི་ཁྱབ་བསྒྲགས་བྱས་པར། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་107ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་4.6%འཕར་ནས་འཕར་ཚད་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་མདུན་གྲལ་དུ་སླེབས་ཡོད་པ་རེད། “འཕར་ཚད་སྔོན་དཔག་ལས་ཡག་པ་བྱུང་བ”དང“སྙུགས་ཤེད་ཆེན་པོ་མངོན་པ”ལ་སོགས། རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས“དུས་ཚིགས་གསུམ་གྱི་སྙན་ཞུ”དེར་ཡོངས་ཁྱབ་ངང་གདེང་འཇོག་བཟང་པོ་བྱས་པ་རེད། ཀྲུང་གོའི་དཔལ་འབྱོར་གྱིས་གནོན་ཤུགས་བཟོད་དེ་སྤྱིའི་ཆ་ནས་བརྟན་པོ་དང་། བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། ལས་སླ་པོར་བྱུང་བ་ཞིག་མིན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འདི་ལས་ཀྲུང་གོའི་དཔལ་འབྱོར་གྱི་སྙུགས་ཤེད་ཆེན་པོ་མངོན་ཡོད་ལ། ངེས་གཏན་མེད་པའི་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་ལ་བརྟན་ལྷིང་གི་སྟོབས་ཤུགས་རྩ་ཆེན་བསྣན་ཡོད།
མིག་སྔར། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོའི་གོམ་སྟབས་སྤོ་ཁག་པོ་ཡོད་པ་དང་། ས་འབྲེལ་ཆབ་སྲིད་ཀྱི་གདོང་ཐུག་ཐོན་མང་ཞིང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཐོན་མང་པོ་ཡོད། རྒྱབ་ལྗོངས་དེ་འདྲའི་འོག ཀྲུང་གོའི་དཔལ་འབྱོར་འཕར་ཚད་ལུགས་མཐུན་གྱི་མཚམས་སུ་རྒྱུན་འཁྱོངས་ཐུབ་ནས་འཁོར་སྐྱོད་བརྟན་པོ་དང་། སྒུལ་ནུས་གསར་དུ་དང་། གྲུབ་ཚུལ་ལེགས་སུ། སྤུས་འབྲས་ལེགས་སུ་འགྲོ་བའི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་པ་དང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཕར་ཚད་སྒོར་དུང་ཕྱུར་ཁྲི་5.7ཟིན་ནས་ཉེ་བའི་ལོ་ལྔའི་དུས་མཚུངས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུག་བརྟན་པོ་བྱེད་པ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་ཞིག་ཡིན་ལ། ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་དུས་སྐབས་ཀྱི་འཛམ་གླིང་དཔལ་འབྱོར་གྱི་གྲུ་རྡོ་གལ་ཆེན་ཞིག་ཏུ་དེ་བས་གྱུར་ཡོད།
སྒུལ་ནུས་གསར་པ་མགྱོགས་མྱུར་གསོག་འཇོག་བྱས་པ་དེས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་མ་ཟད། གོ་ལ་ཧྲིལ་པོའི་ཐོན་ལས་འཕོ་འགྱུར་དང་ལྗང་མདོག་ཕྱོགས་སྒྱུར་ལ་བར་མཐོངས་ཆེན་པོ་བཏོད་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། རྩེར་སོན་བཟོ་སྐྲུན་དང་། གྲངས་རིག་དཔལ་འབྱོར། དེང་རབས་ཞབས་ཞུ་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པས་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་40%ཡན་རྒྱུན་འཁྱོངས་བྱས་པ་དང་། གྲངས་འཛིན་ཐོན་རྫས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་13.6%དང་14.3%སོ་སོར་འཕར་ནས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད་པ་རེད། ཕྱི་ཕྱོགས་ཁོར་ཡུག་གི་རྡབ་རྡེག་མང་པོའི་མདུན་དུ། ཀྲུང་གོའི་འཐུས་སྒོ་ཚང་བའི་ཐོན་ལས་མ་ལག་དང་སྙུགས་ཤེད་ཆེ་བའི་མཁོ་སྤྲོད་འཁོར་འབྲེལ་གྱི་ལེགས་ཆ་གང་ལེགས་མངོན་ནས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བདེ་བླག་ངང་འཁོར་རྒྱུག་ཐུབ་པའི་འགན་ལེན་ནུས་ལྡན་བྱས་ཡོད།
ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་འཛམ་གླིང་རྒྱལ་ཁབ་ཁག་ལ་མུ་མཐུད་མཉམ་སྤྱོད་བྱས་ཡོད། གཞི་ཁྱོན་ཆེ་བའི་ཁྲོམ་རའི་ལེགས་ཆ་འདོན་སྤེལ་རྒྱུན་མཐུད་བྱས་པས། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་རྨང་གཞི་བརྟན་པོ་ཞིག་རེད་ལ། འཛམ་གླིང་ཚོང་དོན་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་རེད། དུས་ཚིགས་དང་པོ་ནས་གསུམ་པའི་བར། ཀྲུང་གོའི་དངོས་ཟོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་40ཙམ་ཟིན་པ་དེ་དུས་མཚུངས་ལས་18.8%འཕར་ནས། རྒྱལ་ཁབ་དང་ས་ཁུལ་180ལྷག་ཙམ་དང་མཉམ་དུ་ཚོང་དོན་གྱི་གཞི་ཁྱོན་ཆེ་རུ་ཕྱིན་ཡོད། ཀྲུང་གོ་དང་འཛམ་གླིང་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་འགུལ་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། གཉིས་ཁེ་གཉིས་ཕན་གྱི་འཕེལ་རྒྱས་ཀྱི་བཀོད་པ་དེ་བས་ཁ་གསལ་དུ་འགྲོ་བཞིན་ཡོད། ཁེན་ནི་ཡའི་རྒྱལ་སའི་འགུལ་སྙོམས་དྲ་ཚིགས་ཐོག་དཔྱད་གཏམ་སྤེལ་ནས། ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་ལེགས་ཆས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལག་རྩལ་དང་ཐོན་རྫས་ཀྱི་མ་གནས་དམའ་རུ་ཕྱིན་ཏེ་རྒྱ་ཆེའི་གསར་དར་དཔལ་འབྱོར་དངོས་ཚན་ལ་དངོས་དངོས་རྗེན་རྗེན་གྱི་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་ཡོད་པ་བསྟན་ཡོད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྙིང་རུས་གཏན་འཁྱོངས་བྱེད་པའི་ཡུན་རིང་གི་བརྒྱུད་རིམ་ཞིག་ཡིན་པས། མདུན་སྐྱོད་ཀྱི་ལམ་བུར་དཀའ་ངལ་སྣ་ཚོགས་འཕྲད་པ་ནི་ཟློག་ཐབས་མེད་པ་ཞིག་རེད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པར་གཡོ་འགུལ་ཐེབས་མི་སྲིད་པ་དང་། ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་བའི་གོམ་སྟབས་སྤོ་མཚམས་འཇོག་མི་སྲིད། གསར་ཞིང་ལེགས་པའི་ཕྱོགས་སུ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་ཀྲུང་གོས་རང་ངོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཆེད་སྒུལ་ཤུགས་རྒྱུན་ཆད་མེད་པར་བསྣན་ཏེ་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་གཉིས་ཁེ་གཉིས་ཕན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།