ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཚོང་འདུས་སྐབས་ཉེར་གསུམ་པ་འགོ་ཚུགས་པ།
ཁེ་ལས་5000ཙམ་གྱི་ཐོན་རྫས་སྣ་ཁ་ཁྲི་7.5ལྷག་ཙམ་འགྲེམས་སྟོན་ལ་ཞུགས་པ།
ཚེས་13ཉིན། ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཚོང་འདུས་སྐབས་ཉེར་གསུམ་པ་ཀྲེ་ཅང་གི་ཧང་ཀྲོའུ་རུ་འགོ་ཚུགས་ཤིང་། ད་རེས་ཀྱི་ཞིང་ལས་ཚོང་འདུས་ཀྱིས“ཞིང་ལས་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་ཞིག་ཏུ་སྐྲུན་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། འགྲེམས་སྟོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་12ལྷག་ཙམ་ཟིན་པར་ཁེ་ལས་5000ཙམ་གྱི་ཐོན་རྫས་སྣ་ཁ་ཁྲི་7.5ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་པ་མ་ཟད། ད་ཐེངས་འགྲེམས་སྟོན་ལ་ཞུགས་མཁན་རྒྱལ་ནང་གི་ཁེ་ལས་ཀྱང་སྐབས་གོང་མ་ལས་26.1%འཕར་ཡོད། སྔོན་དཔག་བྱས་ན། ཉོ་སྒྲུབ་ཚོང་པ་དང་ལྟད་མོ་བ་ཁྲི་6ལྷག་ཙམ་ངོ་འཕྲད་གྲོས་མོལ་ལ་ཞུགས་རྒྱུ་རེད།
ཞིང་ལས་ཚོང་འདུས་ལ་ཞིང་ཆེན་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་འགྲེམས་ཚོགས་ནང་ཞུགས་པ་དང་། ཁྱོན་འགྲེམས་ཁུལ་12བཀོད་སྒྲིག་བྱས་ཡོད། “མི་ཐབས་རིག་ནུས+”ཀྱི་ཞིང་ལས་འགྲེམས་ཁུལ་དུ་རིག་ལྡན་ཞིང་ལས་ལག་རྩལ་གྱི་སྒྲིག་ཆས་དང་། འདུས་གྲུབ་རྣམ་པ། ཞིང་ལས་ཀྱི་དཔེ་དབྱིབས་ཆེ་མོ། རིག་ནུས་དངོས་པོ་སོགས་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་། ཐོན་རྫས་གསར་པ་དང་སིལ་ཟས་འགྲེམས་ཁུལ་དུ་ཞིང་ལས་ཐོན་རྫས་ཀྱི་རིག་གནས་ནང་དོན་དང་སྤྱི་ཚོགས་འབྲེལ་བའི་ཁྱད་ཆོས་ལྡན་པའི་དངོས་ཟོག་འགྲེམས་སྟོན་བྱས་ནས་འཛད་སྤྱོད་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱེད་པ། གྲོང་གསེབ་ཀྱི་རོགས་སྐྱོར་ཐོན་ལས་སྤུས་རྟགས་འགྲེམས་ཁུལ་དུ་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་ཐོན་ལས་ལ་རོགས་སྐྱོར་དང་གཙོ་ཁྲིད་བྱེད་པའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཕན་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད།
དུས་གཅིག་ཏུ་ས་གནས་དེ་གར་ད་དུང་མཚོ་འགག་ངོགས་གཉིས་ཀྱི་དེང་རབས་ཞིང་ལས་འགྲེམས་ཚོགས་དང་མཚོ་འགག་ངོགས་གཉིས་ཀྱི་མེ་ཏོག་འགྲེམས་ཚོགས་གཉེར་བར། ངོགས་གཉིས་ཀྱི་ཁེ་ལས་350ལྷག་ཙམ་གྱི་ཐོན་རྫས་ཆིག་སྟོང་ལྷག་ཙམ་བཏོན་ཡོད་པ་དང་། ཀྲེ་ཅང་ཞིང་ལས་འགྲེམས་ཚོགས་ལ་ཁྱད་ལྡན་སྤུས་ལེགས་ཐོན་རྫས་སྣ་ཁ་ཁྲི་1.5ལྷག་ཙམ་བཏོན་པ་དང་། དྲ་ཐོག་དང་དྲ་ཕྱི་གཉིས་ནས་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི་350ལྷག་ཙམ་སྤྲད་ཡོད།
ད་རེས་ཀྱི་ཞིང་ལས་ཚོང་འདུས་ལ་མོ་ཞི་ཁོ་གཙོ་མགྲོན་རྒྱལ་ཁབ་ཏུ་གདན་དྲངས་པ་དང་། རྒྱལ་ཁབ་དང་ས་ཁུལ་20ལྷག་ཙམ་ནས་ཡོང་བའི་ཁེ་ལས་70ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ཡོད། རྒྱལ་སྤྱིའི་འགྲེམས་ཁུལ་དུ་ཀྲུང་གོ-APEC(ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས)ཡི་ཞིང་ལས་མཉམ་ལས་ཁང་གསར་དུ་བཙུགས་ནས། APECཡི་སྒྲོམ་གཞིའི་འོག་གི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་དམིགས་ཏེ་རྒྱལ་ཁབ་མང་པོའི་སྤུས་ལེགས་ཞིང་ལས་ཐོན་རྫས་འགྲེམས་སྟོན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།