དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཡར་ཀླུང་གཙང་པོའི་ངོགས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་གཏམ་རྒྱུད།

    ​—— ཐོན་ལས་བོད་སྐྱོར་གྱིས་ལྷོ་ཁ་གྲོང་ཁྱེར་ཟངས་རིའི་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-16


    འདི་ནི་ཕག་གྲུ་ཨ་རག་གཞིས་ཀའི་འདེབས་འཛུགས་རྟེན་གཞིའི་ཡུག་འབྲེལ་དུ་ཆགས་པའི་རྒུན་འབྲུམ་གླིང་ཡིན་པ།

    སྟོན་མཇུག་གི་ཉི་ཟེར་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཤར་དུམ་བུའི་མུ་མཐའ་མེད་པའི་རྒུན་འབྲུམ་ལྡུམ་རར་འཕྲོས། ལོ་16གོང་གི་བྱེ་རླུང་འུར་འུར་དུ་ལྡང་བ་དང་གང་སར་ཚེར་མས་ཁེངས་པའི་གྲམ་ཐང་དེ་ད་ཆ་མུ་འབྲེལ་གྱི་ལྗང་མདོག་དང་སྨུག་མདོག་གི་ཞིང་ཁམས་ཐང་ཞིག་ཏུ་གྱུར་ཡོད།

    དེ་གའི་ཉིན་མཚན་གྱི་དྲོད་ཁྱད་20°Cལས་བརྒལ་བ་དང་ད་དུང་ཐང་གཤོངས་ལས་ལྡབ་གསུམ་གྱིས་ཤུགས་ཆེ་བའི་སྨུག་ཕྱིའི་འོད་ཟེར་དང་pHཐང་8.5ཟིན་པའི་བུལ་གཤིས་བྱེ་ཐང་ཡོད། དེ་གར་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་རྒུན་འབྲུམ་འདེབས་འཛུགས་གླིང་དང་བོད་ཀྱི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་ཆེ་ཤོས་ཏེ། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་ཕག་གྲུ་ཨ་རག་གཞིས་ཀ་རེད།

    བགྲང་བྱ་16རིང་བོད་སྐྱོར་སྟོབས་ཤུགས་ཁག་རེ་རེས་མི་རིགས་ཁག་གི་མང་ཚོགས་དང་ལག་གདང་སྦྲེལ་ནས་སྐྱེ་ཁམས་བཅོས་སྐྱོང་དང་། ཐོན་ལས་སྐྱེད་སྲིང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་གཏམ་རྒྱུད་སྙན་མོ་མང་དག་བརྩམས་ཡོད།

    བོད་སྐྱོར་ལ་བརྟེན་ནས་བྱེ་ཐང་འབབ་ཁུངས་སུ་གྱུར་པ།

    2011ལོར་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་བྱེ་ས་མུའུ་15ཟིན་པའི་སར་ས་མཐོའི་རྒུན་འབྲུམ་འདེབས་འཛུགས་ཀྱི་ཚོད་ལྟ་བྱེད་འགོ་ཚུགས། “ཐོག་མར་ནང་འདྲེན་བྱས་པའི་སྣ་ཁ་60ཡི་ནང་ནས་མང་ཆེ་བ་གསོན་མེད་པ་མ་ཟད། གསོན་ཡང་འབྲས་བུ་འདོགས་ཚད་ཉུང་ཉུང་རེད”ཅེས་ཨ་རག་གཞིས་ཀའི་འགན་འཁུར་བ་ལུའོ་མིང་ལུའུ་ཡིས་ཕྱིར་དྲན་བྱེད་བཞིན་བཤད། དེ་བས་དཀའ་ཚེགས་ཆེ་བ་ནི་ས་རྒྱུའི་pHཐང་8.5ཡིན་པ་དང་སྐྱེ་ལྡན་རྫས་ཀྱི་འདུས་ཚད་1%ཡང་ཟིན་གྱི་མེད་པས། ལོ་དང་པོར་བཏབ་པའི་རྒུན་འབྲུམ་གྱི་མྱུ་གུའི་རྩ་བ་ཚང་མ་བུལ་འགྱུར་དབང་གིས་སྐམ་ཡོད།

    ཧུའུ་ནན་གཡོད་དབྱང་བོད་སྐྱོར་ལས་དོན་ཚོགས་ཆུང་གི་མཐུན་སྦྱོར་འོག ཨ་རག་གཞིས་ཀས་ཧུའུ་ནན་ཞིང་ལས་སློབ་ཆེན་དང་མཉམ་དུ“ལེགས་བཅོས་བྱ་ཐབས་གོམ་སྟབས་གསུམ”ཞིབ་འཇུག་གསར་སྤེལ་བྱས་པ་སྟེ། རྡོ་ཧྲུག་བཏིང་ནས་ལུང་གཞུང་གི་བུལ་རྫས་འབུད་པ་དང་། རིལ་མ་དང་འདམ་སོལ་བསྲེས་ནས་སྐྱུར་རྫས་སྙོམས་སྒྲིག་བྱེད་པ། སོག་མ་བཀབ་ནས་ཆུ་སྲུང་ཐབས་བྱས་པ་བཅས་རེད།

    ལྡུམ་རའི་མཐའ་འཁོར་དུ་གླ་ཚེར་སོགས་བཏབ་ནས་བྱེ་འཇགས་ལྗང་གསོ་བྱས་པ་ལས་བྱེ་འཇགས་དང་། ས་རྒྱུ་ལེགས་གཏོང་། འདེབས་འཛུགས་བཅས་ཀྱི་སྐྱེ་ཁམས་འཁོར་རྒྱུག་ཆགས་ཡོད། རྫོང་སྲིད་གཞུང་གིས་ཞིང་འབྲོག་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་རྩྭ་འདེབས་ཁ་གསབ་རོགས་དངུལ་སྤྲད་པ་དང་མཐའ་མོ་དང་། རྩྭ་པ། ནུབ་མཁར་བཅས་གྲོང་ཚོ(སྡེ་ཁུལ)གསུམ་གྱི་མང་ཚོགས་ལ་རྩྭ་འདེབས་ས་སྒྱུར་བྱས་པ་རེད། རིམ་རྩིས་བརྒྱབ་ན་ས་རྒྱུ་ལེགས་བཅོས་ལ་མ་དངུལ་སྒོར་དུང་ཕྱུར་2.58བཏང་ནས་དབྱི་སི་རལ་གྱི་ནའེ་ཐེ་ཧྥེ་མུའུ་ཐིགས་ཆུ་འདྲེན་པའི་མ་ལག་ནང་འདྲེན་བྱས་པས་ཆུ་གྲོན་ཆུང་ཐུབ་ཚད་60%ཟིན་ཡོད། ལོ་15ཡི་རིང་འབད་བརྩོན་བྱས་མཐར་བ་ཚྭའི་བྱེ་ཐང་མུའུ་ཁྲི་1ལྷག་ཙམ་སྔོ་ལྗང་ཅན་དུ་གྱུར་ཡོད།

    ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་བ་ལས་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། ཕག་གྲུ་ཨ་རག་གཞིས་ཀས་བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དང་ཧུའུ་ནན་ཞིང་ལས་སློབ་ཆེན་དང་མཉམ་འབྲེལ་བྱས་ཏེ་ས་བོན་འདེབས་གསོ་བྱས་པར་2017ལོར་ལྟེ་བའི་ས་བོན་ཁག་དྲུག་ཉར་ཚགས་ཐུབ་ནས་མཐོ་གྲང་ཁུལ་དུ་འཕྲོད་ཐུབ་པའི་“ཡར་ཀླུང་གཙང་པོ་ཨང་དང་པོ”གསོ་སྤེལ་བྱས་པར་མེ་ཏོག་གི་མདོག་རྒྱུའི་འདུས་ཚད་ཐང་གཤོངས་ཀྱི་ས་བོན་གྱི་ལྡབ་6ཡན་ཟིན་པ་དང་། 2023ལོརWRCA“འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཝེ་ཏེར་འདེབས་འཛུགས་རྟེན་གཞིའི”ཁས་ལེན་དཔང་རྟགས་ཐོབ་པ་རེད། 2025ལོ་ནས་བཟུང་མུའུ་6500ཟིན་པའི“ཡར་ཀླུང་གཙང་པོ་ཨང་དང་པོ”ཐོན་འབབ་ལེགས་པའི་དུས་སུ་སླེབས་ནས་ཏན་རླུང་གྲང་ཉར་བྱས་པའི་རྒུན་འབྲུམ་སོས་པ་2026ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་བར་ཕྱིར་ཚོང་བྱས་ཡོད། ད་ལོ་ཐོན་འབབ་ལེགས་པའི་རྒུན་འབྲུམ་ར་བའི་རྒྱ་ཁྱོན་མུའུ་6800བར་ཆེ་རུ་ཕྱིན་ཡོད།

    ཞིང་དུད་སྣེ་ཁྲིད་ཀྱིས་ལས་ལ་གཞོལ་བ།

    ལོ་འགོར་ཕག་གྲུའི་རྒུན་འབྲུམ་ཨ་རག་ཁག་གཅིག་ཤང་ཀང་དུ་ཐོག་མར་གཏོང་འགོ་ཚུགས།

    ཕག་གྲུ་ཨ་རག་གཞིས་ཀའི་ཨ་རག་སྙོལ་སྐབས་དེ་སྔ་བྲོ་བའི་ཐད་ཀྱི་རྩོད་པ་བྱུང་མྱོང་ཡོད། ཐོག་མར་ལས་གཏོད་བྱེད་སྐབས་ཧྥ་རན་སེའི་བཟོ་རྩལ་ལ་བརྟེན་ནས་ཐོན་སྐྱེད་བྱས་པའི་ཐོན་རྫས་ཀྱི་ཐན་ཉུན་མང་དྲགས་པ་དང་བྲོ་བ་སྐྱུར་ཤས་ཆེ་བས་ཀྲུང་གོའི་འཛད་སྤྱོད་པར་འཚམ་པོ་མེད་ཅེས་ཨ་རག་གཞིས་ཀའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཁྲུན་དབྱང་གིས་བཤད། བོད་སྐྱོར་ལས་དོན་ཚོགས་ཆུང་གི་རྒྱབ་སྐྱོར་འོག ཨ་རག་གཞིས་ཀས་ས་གནས་དེ་གའི་ཚོགས་པ་སྒྲིག་འཛུགས་བྱས་ནས་བཟོ་རྩལ་ལེགས་སྒྲིག་བྱས་ཏེ་ཐན་ཉུན་དམའ་རུ་བཏང་བ་དང་ཤིང་འབྲས་ཀྱི་དྲི་ཞིམ་འཐུལ་ཚད་མང་དུ་བཏང་ཡོད། 2017ལོ་ནས་བཟུང་རྒུན་འབྲུམ་འཁྱགས་པ་བཏང་ནས་ཨ་རག་བཟོ་རྩལ་གྱི་དཀའ་གནད་འགག་སྒྲོལ་བྱས་པ་སྟེ། དྲོད་ཚད་ཀླད་ཀོར་འོག་གི་8°Cའོག་ཐོ་རེངས་ཆུ་ཚོད་བཞི་པ་ནས་རྒུན་འབྲུམ་འཐོག་པ་དང་ཆུ་ཚོད་གཉིས་ནང་བཙིར་གནོན་བྱེད་པ། རྒུན་འབྲུམ་སྤྱི་རྒྱ་15ལ་འཁྱགས་ཆང་རྒྱ་མ་གཅིག་ལས་མི་བླུགས་པ། ཁེ་བེད་བདག་ཐོབ་3རག་པ་བཅས་ཡིན་པ་མ་ཟད། ཕག་མོ་གྲུ་པའི་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ནས་ས་བབ་མཐོ་ཚད་ལ་དམིགས་ནས་མིང་བཏགས་པའི་ཨ་རག་ཐོན་རྫས་རབ་དང་རིམ་པ་བཏོན་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། 2024ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ལོ་གཅིག་གི་སྔ་སྣུར་དུ་གྲོང་གསེབ་ཀྱི་སྦྲག་བསྐུར་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད། ཨ་རག་གཞིས་ཀས་སྦྲག་སྲིད་དང་ཀྲུང་ཐུང་སོགས་མྱུར་སྐྱེལ་སྤུས་རྟགས་8བསྡུ་སྒྲིལ་བྱས་ཏེ“སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས”བྱས་ཏེ་རྒུན་འབྲུམ་འཐོག་པ་དང་། གྲང་ཉར། སྐྱེལ་འདྲེན་བཅས་བྱས་པ་དང་། ཁྲེང་ཏུའུ་དང་ཁུན་མིང་དུ་མཛོད་ཁང་བཙུགས་ཏེ“རྒུན་འབྲུམ་དུས་གཏན་གནམ་གྲུ”ཤར་གཏོང་བྱས་པར་རྒུན་འབྲུམ་སོས་པ་བཏུས་མ་ཐག་བསྐུར་ནས་ཐག་རིང་ཤོས་ཧྲང་ཧའེ་རུ་བཙོངས་པ་རེད། ད་ལོའི་ཟླ་9པའི་ཟླ་དཀྱིལ་དུ། རྒུན་འབྲུམ་ར་བ་སྒོ་ཕྱེ་རྗེས་ཟངས་རིས་ལྷ་ས་ནས་གཟི་བྱིན་བླ་མཚོ་དང་ཨ་རག་གཞིས་ཀ་བར་གྱི་རིན་མེད་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱས་པ་དང་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་གི་ཟླ་བ་གཅིག་རིང་རྒུན་འབྲུམ་སོས་པ་དྲ་ཐོག་དང་དྲ་ཕྱི་ནས་ཕྱིར་ཚོང་བྱས་པའི་དངུལ་འབོར་སྒོར་ཁྲི་150ལྷག་ཙམ་ཟིན་ཡོད།

    རྒུན་འབྲུམ་རྟེན་གཞིར་ཧུའུ་ནན་གཡོད་དབྱང་གི་བོད་སྐྱོར་ལས་བྱེད་པས་སྐུ་ལས་མང་པོ་བསྐྱོན་ཡོད་ཅིང་། བོད་སྐྱོར་ལས་བྱེད་པ་ཁག་བདུན་པ་ནས་བཟུང་གཡོད་དབྱང་གིས་མ་དངུལ་དང་། ལག་རྩལ། ཤེས་ལྡན་པ་བཅས་ལ་བརྟེན་ནས་རྟེན་གཞི་དེར་རོགས་སྐྱོར་བྱས་ཡོད། ཧུའུ་ནན་གཡོད་དབྱང་གི་ཁག་དགུ་པའི་བོད་སྐྱོར་རུ་མི་གཡོད་དབྱང་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་བྱེད་པ་ཁྲེན་ཀེ་ཡིས་ཞིང་འབྲོག་པར་ཡལ་བཞུར་རྒྱག་སྟངས་སློབ་པ་དང་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ས་ཞིང་ཁོད་སྙོམས་པའི་མ་དངུལ་སྒོར་ཁྲི་7000མཐུན་སྦྱོར་བྱས་ཏེ་རྒུན་འབྲུམ་མུའུ་2000ནས་མུའུ་4000ལྷག་ཙམ་བར་རྒྱ་སྐྱེད་བཏང་བ་རེད། ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བཅུ་པའི་ཙུའུ་ཀྲང་ཚའོ་ཁྲའོ་ཡིས་མུ་མཐུད་འབད་འཐབ་བྱས་ཏེ་འདེབས་འཛུགས་དང་། ལྟ་སྐོར། སྙོལ་བཟོ་བཅས་གཞི་གཅིག་ཅན་གྱི་ཐོན་ལས་གླིང་བསྐྲུན་པ་རེད།

    མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ས་མཐོར་བཞད།

    ལོ་ལྟར་གྱི་ཟླ་དགུ་པའི་ཟླ་དཀྱིལ་ནས་ཕྱི་ལོའི་བོད་ཀྱི་ལོ་གསར་བར་རྒུན་འབྲུམ་སོས་པ་བྲིན་ཁ་རྒྱུག་པའི་དུས་ཚིགས་རེད་ལ། རྒུན་འབྲུམ་ཨ་རག་སྙོལ་བའི་དུས་ཚོད་ཡག་ཤོས་ཀྱང་རེད། མཐའ་མོ་གྲོང་ཚོའི་ཡུལ་མི་དབྱངས་ཅན་མཚོ་མོས་ཐད་ཚོང་ཁང་གི་ཚོང་སྒྲོམ་རྒྱབ་ཏུ་ལངས་ནས་ཚོང་ཤག་ལ་ཐོན་རྫས་ངོ་སྤྲོད་བྱས། ལོ་དགུ་ཡི་གོང་དུ་ཁོ་མོ་ནི་ཁྱིམ་འཛིན་མ་ཞིག་ཡིན་ཞིང་། 2017ལོར་ཁོ་མོ་མ་བྱན་ལ་གདན་ཞུ་བྱས་རྗེས་རང་འགུལ་ངང་ལས་གནས་བསྒྱུར་ནས་ཕྱིར་ཚོང་བ་ཞིག་བྱས། ད་ཆ་ཟླ་རེར་གླ་ཆ་སྒོར་8000ཡས་མས་ཡོད་པ་མ་ཟད། ཕྱིར་ཚོང་གི་རྐང་འཛིན་པ་ཞིག་རེད།

    ཉེ་བའི་ལོ་བཅུའི་རིང་། ཨ་རག་གཞིས་ཀས་མང་ཚོགས་དུད་ཚང་2730དང་མང་ཚོགས་2070ལ་གསོ་སྦྱོང་བྱས་པ་དང་། ཡུན་རིང་ལས་གནས་60མཁོ་འདོན་བྱས་པ། རིམ་རྩིས་བརྒྱབ་ན་ལས་མི་མི་ཐེངས་ཁྲི་10ལྷག་ཙམ་བསྡུས་པ། མི་60གཏན་འཇགས་ལག་རྩལ་པར་གྱུར་པ་བཅས་ལས་དེ་སྔའི་ཞིང་པ་ནས་ད་ཆའི“རྒུན་འབྲུམ་འདེབས་མཁན”ལ་གྱུར་ཡོད། མཐའ་མོ་གྲོང་ཚོས་ས་ཞིང་མུའུ་2058.64བརྒྱུད་བཤུག་བྱས་པ་དང་། 2016ལོ་ནས་2025ལོ་བར་ས་ཞིང་བརྒྱུད་བཤུག་བྱས་པར་དངུལ་སྒོར་ཁྲི་515ལྷག་ཙམ་རག་པ། 2022ལོར་ཡུལ་མི་དུད་ཚང་57ལ་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.5བྱུང་ཡོད། རྫོང་གིས་ལོ་གཅིག་དུས་གཅིག་གི་རྒུན་འབྲུམ་འཐུ་བའི་ཟླ་བ་གཏན་འཁེལ་བྱས་ནས་ལྷ་ས་དང་། ཉིང་ཁྲི། ལྷོ་ཁ། གཞིས་རྩེ་བཅས་དང་འབྲེལ་བའི་ཡུལ་སྐོར་ལམ་ཐིག་དང་འབྲེལ་མཐུད་བྱས་པར་ན་ནིང་ཡུལ་སྐོར་བ་མི་ཐེངས་ཁྲི་2ལྷག་ཙམ་འདི་གར་ཡོང་བའི་ཡིད་དབང་བཀུག་ཡོད།

    ད་ཆ། ཕག་གྲུ་ཨ་རག་གཞིས་ཀས་འདེབས་འཛུགས་དང་། སྙོལ་བཟོ། ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པ་དང་། ལོར་རྒུན་འབྲུམ་ཨ་རག་ཤེལ་དམ་ཁྲི་100ཡན་ཐོན་སྐྱེད་བྱེད་པ། མང་ཚོགས་དུད་ཚང་2730ལས་ཞུགས་ཐུབ་པར་སྐུལ་ཁྲིད་བཅས་བྱས་པར་རིམ་རྩིས་བརྒྱབ་ན་ཞིང་འབྲོག་པར་གླ་ཆ་སྤྲོད་པ་དང་། གྲོང་ཚོའི་མཉམ་སྡེབ་ལ་བརྒྱུད་བཤུག་དངུལ་སྤྲོད་པ། ཞིང་ལས་འཕྲུལ་ཆས་ཀྱི་བོགས་དངུལ་སྤྲོད་པ་བཅས་ཁྱོན་སྒོར་ཁྲི་8165སྤྲད་པ་དང་མཐའ་འཁོར་གྱི་ཞིང་འབྲོག་པར་ལོར་ཆ་སྙོམས་ཡོང་འབབ་20%ལྷག་ཙམ་འཕར་ཡོད།

    ཡར་ཀླུང་གཙང་པོའི་ངོགས་ཀྱི་རྒུན་འབྲུམ་སྡོང་པོ་རེ་རེས་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་ལེགས་གཏོང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་བདེ་སྐྱིད་ལྡན་པའི་རྣམ་པ་ཞིག་གྲུབ་ཡོད། དེ་གར་བོད་སྐྱོར་གྱི་མ་དངུལ་དང་། ལག་རྩལ། བསམ་ཕྱོགས་བཅས་དང་ས་གནས་དེ་གའི་མང་ཚོགས་ཀྱི་དཀའ་སྤྱད་མཉམ་དུ་འདུས་ཡོད་ལ། ཚང་མས་མཉམ་དུ་ངལ་རྩོལ་དང་མཉམ་དུ་ཕྱུག་འགྱུར་བྱེད་རིང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་འགྲོ་བཞིན་མཆིས། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།