བོད་ཀྱིས་ཐབས་མང་མཉམ་དུ་སྤྱད་ནས་དམངས་འཚོའི་ལས་དོན་ཡག་པོ་བསྒྲུབས་པ།
གྲང་ངར་ཆེ་བའི་དགུན་དུས་སླེབས་རུང་། ལོ་73ལ་སླེབས་པའི་བསོད་ནམས་སྒྲོལ་མས་དེ་སྔ་ལྟར་དགུན་སྒྲོལ་མི་ཐུབ་པའི་སེམས་ཁྲལ་བྱེད་ཀྱི་མེད།
“དེ་སྔ་གནམ་གཤིས་གྲང་བའི་སྒང་ལ་གསོ་རླུང་དཀོན་པ་དང་། འགུལ་སྐྱོད་མ་བྱས་ཚེ་གཟུགས་པོར་དྲོད་མི་ཁུག་པ་དང་འགུལ་སྐྱོད་བྱས་དྲགས་ན་བྲང་ཁ་བསྡམས་པའི་ཁར་དབུགས་བསགས་ཀྱི་རེད”ཅེས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རི་རོང་ཤང་བཀྲམ་ཐང་གྲོང་ཚོའི་བདེ་སྐྱིད་གླིང་ནང་དུ་བགྲེས་སོང་བསོད་ནམས་སྒྲོལ་མས་འདས་དོན་གླེང་།
ཐོག་མའི་འགྱུར་ལྡོག་ནི་རྫོང་གིས་ལག་བསྟར་བྱས་པའི་དྲོད་རླངས་དང་གསོ་རླུང་མཁོ་འདོན་ལས་གྲྭ་ནས་འགོ་ཚུགས་ཡོད། ལྷུན་རྩེ་རྫོང་གིས་དོན་དངོས་ལ་གཞི་ཚུགས་ཏེ་ཉི་ནུས་དྲོད་རླངས་མཁོ་འདོན་དང་རླུང་ནུས་དྲོད་རླངས་མཁོ་འདོན་སོགས་ཀྱི་རྣམ་པ་བརྒྱུད་སྨི་ངོས་གྲུ་ཁྲི་20ལ་ཁྱབ་པའི་དྲོད་རླངས་མཁོ་འདོན་ལས་གྲྭ་བསྐྲུན་ཡོད། གཤེར་གཟུགས་གསོ་རླུང་བཟོ་ཆས་ལ་བརྟེན་ནས་གསོ་རླུང་མཁོ་འདོན་བྱས་ཤིང་། ད་ཆ་ཤང་དང་གྲོང་རྡལ་10ལ་ཁྱབ་པའི་གསོ་རླུང་མཁོ་འདོན་ལས་གྲྭ་བསྐྲུན་ཡོད།
“གསོ་རླུང་རྔུབ་ན་དབུགས་འབྱིན་རྔུབ་བདེ་བ་དང་ཁང་པའི་ནང་དྲོ་སོབ་སོབ་ཡོད་པས་གཉིད་ཀྱང་སྐྱིད་པོ་ཞིག་ཁུག་གི་འདུག ད་ཡིན་ན་དུས་སྐབས་བཟང་ཤོས་དང་འཕྲད་འདུག”ཅེས་བསོད་ནམས་སྒྲོལ་མས་རྟག་ཏུ་ཤོད་ཀྱི་ཡོད།
དམངས་འཚོར་དོན་ཆུང་ཟེར་བ་མེད་པས་ཚང་མ་སེམས་གཏིང་ལ་བཞག་ནས་སྒྲུབ་དགོས། 2025ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས། “ལས་ཞུགས་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། རྒན་གསོ། བུ་བཅོལ་སོགས་ཀྱི་དམངས་འཚོའི་ལས་དོན་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་གཏོང་དགོས”ཞེས་གསུངས་ཡོད།
སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། བོད་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ཏེ། དམངས་འཚོའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཡོད། དམངས་འཚོའི་གཏོང་སྒོས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་80%ཡན་ཟིན་རྒྱུ་རྒྱུན་འཁྱོངས་ཐུབ་ནས་མ་དངུལ་གཏོང་ཐེངས་རེ་རེ་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་རེག་ཚོར་ཐུབ་པའི་འགྱུར་ལྡོག་ཏུ་གྱུར་ཡོད།
མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཤུགས་བརྒྱབ་སྟེ། རང་ནུས་གང་ཡོད་དང་ནུས་པས་ལྕོགས་ཚོད་ཀྱིས་བསྒྲུབས་ཡོད།
གངས་ཆེན་པོ་བབས་རྗེས་ས་བབ་སྨི་4700ཟིན་པའི་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་དུ་དྲོད་ཚད་ཤུགས་ཆེན་ཆག་ཡོད།
གྲོང་ཁུལ་གྱི་གྲོང་མི་མི་འགྱུར་རྡོ་རྗེ་ཁྱིམ་དུ་འཛུལ་མ་ཐག ཕྱུ་པ་མཐུག་པོ་དེ་ཕུད་ནས་ལག་གཉིས་དྲོད་རླངས་ཀྱི་ལྕགས་ལྷེབ་ཡོད་སར་བརྐྱངས་ཏེ“ཚ་སོབ་སོབ་རེད་འདུག ད་ཆ་དྲོད་ལེན་པར་སྔོན་མ་ལྟར་མེ་ཐབ་ལ་གསོ་དགོས་མི་འདུག”ཅེས་བརྗོད།
མང་ཚོགས་རྣམས་དྲོ་སོབ་སོབ་ཡོང་བར་བྱེད་དགོས་ལ། དྲོད་རླངས་མཁོ་འདོན་ལ་མ་གནས་ག་ཚོད་དགོས་ཀྱི་ཡོད་མེད་ལའང་རྩིས་ཡག་པོ་རྒྱག་དགོས། མཚོ་ཆེན་རྫོང་གི་གྲོང་ཁུལ་གྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་ཚ་དྲོད་མཁོ་འདོན་རྣམ་གྲངས་ཐད་ཉི་འོད་ནུས་པའི་ཚ་འོད་ལག་རྩལ་གྱི་ཐབས་ལམ་སྤྱད་པ་དེ་སྐྱེ་དངོས་ཁྲོ་ཐབ་ཀྱི་དྲོད་རླངས་མཁོ་འདོན་དང་བསྡུར་ན་སྨི་ངོས་གྲུ་རེའི་གཉེར་སྐྱོང་མ་གནས་77.56%ཆག་ཡོད། “སྐྱིད་སྣང་དོད་པའི་མང་ཚོགས་ཀྱི་སྡོད་གནས་ཀྱི་དགོས་མཁོ་སྣ་ཚོགས་སྐོང་དགོས་ལ་མ་དངུལ་དགོས་མཁོ་ཆེ་སར་གཏོང་དགོས”ཞེས་མཚོ་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཡུང་ཀང་གིས་བརྗོད།
དམངས་འཚོའི་གཏོང་ཆ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པར་ནོར་སྲིད་ཀྱི་མ་དངུལ་ལ་ཞིབ་རྩིས་ཀྱང་རྒྱག་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། བོད་ཀྱིས་མུ་མཐུད་མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ནས་ཤུགས་བརྒྱབ་སྟེ་མིར་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་དམངས་བདེ་སྐྱིད་ཡོང་བར་བྱེད་པ་དེ་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་དྲོ་སྐྱིད་ཆེ་ཤོས་ཀྱི་རྨང་གཞིར་འགྱུར་བར་བྱ་རྒྱུ་རེད། དེ་དང་ཆབས་ཅིག གཏོང་སྒོའི་འགག་སྒོ་ནན་པོ་བསྲུངས་ནས་གཞུང་གྲོན་གསུམ་དང་ཚོགས་འདུའི་གསོ་སྦྱོང་གྲོན་དངུལ་སོགས་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་ནང་བཟུང་བའི་བསྡུར་ཚད་ལོ་རེ་བཞིན་ཆག་པར་བྱ་རྒྱུ་རེད།
འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་མིག་སྔར་གཞི་ཚུགས་ལ་ཕུགས་ལའང་དམིགས་པར་བྱས་ཡོད།
ཞོགས་པ་སྔ་པོར། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་སྨད་གྲོང་རྡལ་རྫོང་འགོ་གྲོང་ཚོའི་ལོ་44ལ་སླེབས་པའི་འཕྲིན་ལས་དབང་འདུས་ཀྱིས་གཞུང་ལམ་བདག་སྐྱོང་བྱེད་འགོ་ཚུགས།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་འགྲིམ་འགྲུལ་དྲ་རྒྱ་གཞི་རིམ་དུ་རྒྱུན་མཐུད་སྣུར་སྲིང་བྱས་པས། རྫ་ཡུལ་རྫོང་གི་ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་ཡོད། རྫོང་འགོ་གྲོང་ཚོ་ནས་རྫོང་གྲོང་བར་གྱི་ལམ་ཐག་དེ་སྔའི་ཆུ་ཚོད་བཞི་ལྔ་ནས་ད་ཆའི་ཆུ་ཚོད་གཅིག་ལྷག་ཙམ་བར་ཐུང་དུ་ཕྱིན་ཡོད།
ལམ་ཤར་གཏོང་ཐུབ་པས་འགྲོ་སྐྱོད་སྟབས་བདེ་རུ་ཕྱིན་པ་དང་སྦྲགས། ལས་ཞུགས་ཀྱི་གོ་སྐབས་ཀྱང་མང་དུ་ཕྱིན་ཡོད། ལམ་སྐྱོང་ལས་ལ་གཞོལ་རྗེས་འཕྲིན་ལས་དབང་འདུས་ཀྱི་ཡོང་འབབ་དེ་བས་འགན་ལེན་བྱུང་ཞིང་། ཁོང་གིས“ཟླ་རེར་ལས་དགོངས་མ་ཞུས་ན་གླ་ཆ་ཧ་ཅང་ཡག་པོ་འདུག གླ་ཆ་མང་བའི་སྒང་ལ་ད་དུང་ལས་ཀ་ཡང་བརྟན་པོ་ཡོད”ཅེས་བརྗོད།
བདག་སྐྱོང་ཀུང་སི་དང་ཞིང་དུད་ཟུང་དུ་འབྲེལ་བའི་བྱེད་སྟངས་བརྒྱུད། རྫ་ཡུལ་རྫོང་གིས་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་ཁྲོམ་ར་ཅན་དང་ཆེད་ལས་ཅན་ལ་སྐུལ་འདེད་བཏང་ནས་གཞུང་ལམ་བདག་སྐྱོང་བྱེད་མཁན་ཡོད་པ་མ་ཟད། ཞིང་དུད་ལའང་དེའི་ཁྲོད་ནས་ཕན་པ་ཐོབ་པར་བྱས་ཡོད།
ལས་ཞུགས་ནི་དམངས་འཚོའི་རྩ་བ་རེད། ཉེ་བའི་ལོ་ལྔའི་རིང་བོད་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་30ལྷག་ཙམ་བཏོན་པས། མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་པ་སོགས་གཙོ་གནད་ཚོགས་སྤྱིར་ཁྱབ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྲིད་ཇུས་དྲ་རྒྱ་ཞིག་ཆགས་པ་དང་། རིམ་རྩིས་བརྒྱབ་ན་ལས་ཞུགས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་162.91དོན་འཁྱོལ་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་བོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་གཅིག་གྱུར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་དང་། མཐའ་མཚམས་ཚོང་དོན་དང་ཟོག་འགྲུལ། མཐའ་མཚམས་ཡུལ་སྐོར་སོགས་དམངས་ཕྱུག་ལས་རྣམ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཐོན་ལས་ལ་བརྟེན་ཏེ་ལས་ཞུགས་བརྟན་པོ་དང་མང་ཚོགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད།
སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད་ལ། གཙོ་གནད་མངོན་གསལ་དོད་པོའང་ཡོང་བར་བྱས་ཡོད།
ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་ན་སེར་སྡེ་ཁུལ་གྱི་གྲོང་མི་བསམ་གྲུབ་ཞ་འཁུམས་ནས་ལོ་མང་ཉལ་ཁྲིར་ལུས་པའི་རྐྱེན་གྱིས་སྨན་པ་བསྟེན་རྒྱུ་དེ་ཁོང་གི་སེམས་ནད་དུ་གྱུར་ཡོད། སྨན་པ་རྐང་རྗེན་མས་སྦག་སྦག་བཏང་སྟེ་རང་ཉིད་ལ་སྨན་བཅོས་བྱེད་པར་ཡོང་བས་ཁོང་དགའ་ཚོར་ཆེན་པོ་བྱུང་ཡོད།
གྲོང་ཚོའི་སྨན་པ་བསོད་ནམས་ཚེ་རིང་གིས་མགྱོགས་མྱུར་ཁང་པའི་ནང་འཛུལ་ནས་ལག་གཉིས་པོས་ཉན་བརྟག་ཡོ་བྱད་ཚ་པོ་བཟོས་པ་དང་དེ་ནས་བྱང་ཆུབ་པོའི་ངང་བསམ་གྲུབ་ཀྱི་ཁྲག་ཤེད་འཇལ་བ་དང་རུས་ཚིགས་ལ་བརྟག་དཔྱད་བྱེད་སྐབས“དམིགས་ཚད་ཁག་ཚང་མ་རྒྱུན་གཏན་ལྟར་རེད་འདུག ཁྱེད་རང་སེམས་ཁྲལ་བྱེད་དགོས་མི་འདུག”ཅེས་སེམས་གསོ་བཏང་།
“ས་བབ་མཐོ་བའི་ས་ཁུལ་དུ་ལས་བྱེད་པ་དང་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱེད་པ་ནི་དམངས་འཚོའི་ལས་དོན་གྱི་དོན་ཆེན་ཨང་དང་པོ་རེད” ནག་ཆུ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཡེ་ཞའོ་ཡུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་781བཏང་ནས་སྒྲིག་ཚུད་གྲོང་ཚོ(སྡེ་ཁུལ)ཚང་མར་སྐོར་སྐྱོད་སྨན་བཅོས་ཀྱི་སྦག་སྦག་བཀོད་སྒྲིག་བྱས་པས་གྲོང་མིའི་བདེ་ཐང་ལ་སྐབས་བསྟུན་འདྲི་རྩད་བྱེད་པའི་ལས་ཕྱོད་ཧ་ཅང་ཆེ་རུ་ཕྱིན་ཡོད།
མི་དམངས་ཀྱི་བདེ་ཐང་ནི་མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་མཚོན་རྟགས་གལ་ཆེན་ཞིག་རེད། བོད་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱེད་པ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཏུ་བཞག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་བརྟག་དཔྱད་བྱེད་ཚད་དང་། མ་བུ་བདེ་ཐང་ལས་དོན་གྱི་ཕན་འབྲས། རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཚད་སོགས་བདེ་ཐང་གི་དམིགས་ཚད་གཙོ་བོ་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ཏུ་བཅུག་ཡོད།
གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཁག་28བར་རྒྱ་སྐྱེད་བཏང་བ་དང་། རྒྱང་ཁྲིད་སྨན་བཅོས་བྱེད་སྟངས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཚང་མར་ཁྱབ་གདལ་བཏང་བ། ས་ཁུལ་དང་གྲོང་ཁྱེར་7ཚང་མར་ཀ་པ་རིམ་པ་གསུམ་པའི་སྨན་ཁང་བདེ་བླག་ངང་བསྐྲུན་པ་སོགས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྤྱིར་ན་བསྐྲུན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།