མཚོ་སྔོན་གྱིས་འཁོར་འབྲེལ་ཧྲིལ་པོའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དོ་དམ་ཚོད་འཛིན་ཞིབ་སྲོལ་བཏོན་པ།
ཟླ་10ཚེས་16ཉིན། མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་ནས་གནས་ཚུལ་འབྱོར་བ་གཞིར་བཟུང་། གསར་དུ་བཟོ་བཅོས་བརྒྱབ་པའི《ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་སྲོལ་ཡིག》ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ལས་དོན་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་ཏན་ཏིག་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྐྱེ་ཁམས་ཐོན་ཁུངས་ཀྱི་བདེ་འཇགས་བཅས་ལ་འགན་སྲུང་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་ཆེད་དོན་བརྡ་ཐོ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཁུལ་དབྱེ་འབྱེད་གཏན་འཁེལ་དང་། མེ་ཟོན་དུས་ཚོད་གཏན་འབེབས། དེ་བཞིན་ལྷན་སྦྱར་གྱི་དོ་དམ་ཚོད་འཛིན་ལས་དོན་བཅས་ལ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་རེད།
བརྡ་ཐོའི་ནང་ཁ་གསལ་བཏོན་དོན། མཚོ་སྔོན་ཞིང་ཆེན་གྱི་གཅིག་གྱུར་དབྱེ་འབྱེད་གཏན་འབེབས་ལྟར་ན། ལོ་རེའི་ཟླ་10ཚེས་1ནས་སང་ལོའི་ཟླ་4ཚེས་30ཉིན་བར་ནི་ནགས་ཚལ་གྱི་མེ་ཟོན་དུས་ཚོད་ཡིན་པ་དང་། ལོ་རེའི་ཟླ་9ཚེས་15ནས་སང་ལོའི་ཟླ་6ཚེས་15ཉིན་བར་ནི་རྩྭ་ཐང་གི་མེ་ཟོན་དུས་ཚོད་ཡིན་པས། ས་གནས་ཁག་གིས་རང་ཡུལ་གྱི་ཐོན་ཁུངས་ཁྱབ་ཚུལ་དང་མེ་ཟོན་ཐོན་པའི་ཆོས་ཉིད་དང་ཟུང་འབྲེལ་གྱིས་དུས་བཀག་ནང་མེ་ཟོན་ཁུལ་དབྱེ་འབྱེད་གཏན་འཁེལ་བྱས་ཟིན་པ་དགོས་པ་མ་ཟད། སྤྱི་ཚོགས་ལ་ཡོངས་བསྒྲགས་ཀྱང་བྱེད་དགོས། ཚ་བ་ཧ་ཅང་ཆེ་བ་དང་ཐན་པ་རྒྱུན་མཐུད་བསྟན་པའི་དམིགས་བསལ་གནམ་གཤིས་འཕྲད་ཚེ། ཁྲིམས་ལྟར་མེ་ཟོན་དུས་ཚོད་སྔ་སྣུར་བྱེད་པའང་ཡང་ན་རིང་དུ་གཏོང་ཆོག་ལ་འབྲེལ་ཡོད་ལེགས་སྒྲིག་གནས་ཚུལ་རིམ་པ་བཞིན་གོང་ཞུ་བྱས་ནས་ཐོ་འགོད་བྱེད་དགོས། དེ་དང་ཆབས་ཅིག་བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་གནས་ཁག་གིས་སྲིད་གཞུང་གི་གཞུང་ཕྱོགས་དྲ་བ་དང་། གྲོང་ཚོ་དང་སྡེ་ཁུལ་གྱི་སྤྱི་བསྒྲགས་སྒྲོམ་བྱང་། ནགས་ཁུལ་གྱི་འགག་མདོ། ཞིང་འབྲོག་ཁུལ་གྱི་རྒྱང་བསྒྲགས། སྨྱན་སྦྱོར་གསར་པའི་ལས་སྟེགས་སོགས་གཞི་རྟེན་དུ་བྱས་ཏེ་ཐབས་ལམ་མང་པོར་བརྟེན་ནས་མེ་ཟོན་དུས་ཚོད་དང་། མེ་ཟོན་ཁུལ་ཁོངས། མེ་འགོག་བླང་བྱ། མེ་སྐྱོན་ཉེན་བརྡའི་ཐེར་འདོན་ཁ་པར་ཨང་གྲངས་བཅས་ཡོངས་བསྒྲགས་བྱེད་དགོས་པ་དང་། ནགས་ཁུལ་དང་རྩྭ་ཐང་གི་འཛུལ་སྒོ་དང་། འདུས་སྡོད་བྱེད་ས། མཛེས་ལྗོངས་ཁུལ་སོགས་འགག་རྩའི་ས་གནས་སུ་མངོན་གསལ་དོད་པའི་ཉེན་ཟོན་མཚོན་རྟགས་བསྒར་ཏེ། མང་ཚོགས་ཀྱིས་ཤེས་རྟོགས་ཐུབ་ཚད་དང་དྲིལ་བསྒྲགས་ཕྱོགས་ཡོངས་ལ་ཁྱབ་ཐུབ་པར་བྱེད་དགོས།
མེ་ཟོན་དུས་ཚོད་ནང་དོ་དམ་ཚོད་འཛིན་བྱེད་དགོས་པའི་གཙོ་གནད་ལ་དམིགས་ཏེ། བརྡ་ཐོའི་ནང་ནན་བཤད་བྱས་དོན། རིགས་ཁག་གི་གཉེར་སྐྱོང་བྱེད་པོས་མེ་ཟོན་སྒྲིག་ཆས་ཆ་ཚང་པོ་བསྒར་དགོས་པ་དང་། ཕྱི་རོལ་དུ་མེ་གཏོང་བ་གཏན་འགོག་བྱེད་པ། མེ་ཟོན་ཁུལ་དུ་བསྐྱོད་མཁན་འཁོར་རིགས་དང་འཕྲུལ་ཆས་ལ་ངེས་པར་དུ་ཚད་གཞི་ལྟར་མེ་ཟོན་སྒྲིག་ཆས་དང་མེ་གསོད་ཡོ་ཆས་བསྒར་དགོས། ས་གནས་ཁག་གིས་སྐབས་འཕྲལ་གྱི་མེ་ཟོན་ཞིབ་བཤེར་ས་ཚིགས་བཙུགས་ཏེ་མེ་གསོད་རོགས་སྐྱོབ་ཀྱི་སྐབས་བསྟུན་སྟོབས་ཤུགས་དང་སྤྱི་ཚོགས་ཀྱི་རོགས་སྐྱོབ་སྟོབས་ཤུགས་ལ་སྤྱི་འདོམས་བྱས་ནས་སྐོར་ཞིབ་དྲིལ་བསྒྲགས་བྱེད་དགོས་པ་དང་། དེ་དང་མཉམ་དུ་མེ་ཟོན་ཐོ་འགོད་ཞིབ་བཤེར་དང་དམིགས་སའི་རང་བཞིན་ལྡན་པའི་དྲིལ་བསྒྲགས་བྱས་ནས་ལྗང་མདོག་ཐཱན་ཉུང་གི་དུར་ཕྱག་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། མེ་དོན་གྱོད་གཞི་མྱུར་བཤེར་མྱུར་གཅོད་དང་སྲིད་ཁྲིམས་དང་ཉེས་ཁྲིམས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཟིལ་གནོན་ནུས་ལྡན་གྲུབ་པར་བྱེད་དགོས།
མེ་ཁུངས་དོ་དམ་ཚོད་འཛིན་བྱེད་པའི་ཐད་བརྡ་ཐོའི་ནང་ཁ་གསལ་བཏོན་དོན། མེ་ཟོན་དུས་ཚོད་ནང་ཚ་བ་ཆེན་པོ་དང་། ཐན་པ། རླུང་ཆེན་སོགས་མེ་སྐྱོན་ཐོན་ཉེན་ཆེ་བའི་གནམ་གཤིས་བསྟན་སྐབས། ས་གནས་ཁག་གིས་དུས་ཐོག་ཏུ་མེ་སྐྱོན་ཐོན་ཉེན་ཆེ་བའི་ཁུལ་དབྱེ་འབྱེད་གཏན་འཁེལ་དང་མེ་སྐྱོན་ཐོན་ཉེན་ཆེ་བའི་དུས་མཚམས་གཏན་འཁེལ་བྱས་ཏེ། རི་རྒྱ་བསྡམས་ནས་ཁྲིམས་ལྟར་མེ་འགོག་བཀའ་རྒྱ་གཏོང་དགོས་པ་མ་ཟད། རིམ་པ་བཞིན་དུ་ཐོ་འགོད་བྱེད་དགོས། དཔྱིད་གསར་དུས་ཆེན་དང་། རྗེས་དྲན་དུས་ཆེན། དྭངས་གསལ་དུས་ཚིགས་སོགས་སྲོལ་རྒྱུན་དུར་མཆོད་དང་དུས་ཆེན་ལ་དམིགས་ཏེ་གཅིག་སྡུད་དུར་མཆོད་ཁུལ་བཀོད་སྒྲིག་བྱས་ནས། མེ་ཁུངས་རི་ཁུལ་དང་ནགས་ཁུལ་དུ་མ་མཆེད་པ་བྱེད་དགོས། སྡེ་ཚན་ཁག་གིས་མཉམ་འབྲེལ་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་བྱེད་ཟབ་ཏུ་བཏང་སྟེ། དུས་ཐོག་ཏུ་མེ་སྐྱོན་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས། རིམ་ཁག་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུའི་གཞུང་ལས་ཁང་གིས་དུས་བཀག་ནང་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཏེ། འགན་འཁྲི་དོན་འཁྱོལ་གནད་འཁེལ་མ་བྱུང་བ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་ཕྱི་ཚུལ་ཙམ་བྱས་པའི་ཚན་པ་དང་མི་སྒེར་ལ་འགན་འཁྲི་བདའ་འདེད་དང་རྩད་གཅོད་ནན་པོ་གཏོང་དགོས་པ་དང་། མེ་སྐྱོན་ཐོན་ཚེ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་གཏོང་དགོས་པ། ཉེས་གསོག་གི་དོགས་པ་ཡོད་ཚེ་ཁྲིམས་འཛིན་ལས་ཁུངས་ལ་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་པར་རྩིས་སྤྲོད་དགོས།
འབྲེལ་ཡོད་གསར་འགྱུར།