2030ལོར་རྒྱལ་ཡོངས་སུ་གསོག་ནུས་དཔེ་གསར་གྱི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་ཆན་ཝ་དུང་ཕྱུར་3ཟིན་རེ་ཡོད་པ།
ཚེས་13ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཕྱི་ཕྱོགས་ལ་འགྲེམས་བསྒྲགས་བྱས་པའི《“ལོ་ལྔ་ཚན་བཅོ་ལྔ་པའི”གསོག་ནུས་དཔེ་གསར་གྱི་ལག་བསྟར་ཇུས་གཞིའི》ནང་། 2030ལོར་སླེབས་སྐབས་གསོག་ནུས་དཔེ་གསར་དེ་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་དུས་མཚམས་ནས་ཁྲོམ་ར་ཅན་གྱི་འཕེལ་རྒྱས་དུས་མཚམས་སུ་ཡར་རྒྱས་ཕྱིན་ཏེ། རྒྱལ་ཡོངས་སུ་གསོག་ནུས་དཔེ་གསར་གྱི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་ཆན་ཝ་དུང་ཕྱུར་3ཟིན་རྒྱུ་དང་ཆ་སྙོམས་ཀྱི་གསོག་ནུས་དུས་ཡུན་ཆུ་ཚོད་3ཙམ་ཟིན་གྱི་རེད་ཅེས་བཏོན་ཡོད།
གསོག་ནུས་དཔེ་གསར་གྱིས་ནུས་རྒྱུ་གསར་པ་འདྲེན་སྤྱོད་དང་། གློག་ཤུགས་མ་ལག་བདེ་འཇགས་དང་འཁོར་སྐྱོད་བརྟན་པོ། གློག་སྤྱོད་ཚད་མང་བའི་སྐབས་ཀྱི་མཁོ་སྤྲོད་འགན་ལེན་སོགས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། གསོག་ནུས་དཔེ་གསར་དེ་ཐོག་མའི་ཚོང་ལས་ཅན་གྱི་དུས་འགོ་ནས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་བར་མཆོང་སྐྱོད་བྱུང་ནས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གཞི་ཁྱོན་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གི་ཆན་ཝ་ཁྲི་300ནས་ཆན་ཝ་དུང་ཕྱུར་1.36བར་འཕར་ཡོད་པ་རེད།
ཇུས་གཞིའི་ནང་གསོག་ནུས་དཔེ་གསར་དེ་གློག་ཤུགས་མ་ལག་གསར་པའི་ལྷུ་ཚིགས་ཁག་གི་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་པ་མ་ཟད། ད་དུང་ཁྲོམ་རའི་ལམ་སྲོལ་དང་། ལས་རིགས་དོ་དམ། ཐོན་ལས་འཕེལ་རྒྱས། རྒྱལ་སྤྱིའི་མཉམ་ལས་སོགས་ལ་གཙོ་གནད་ལས་འགན་བཀོད་སྒྲིག་ཀྱང་བྱས་པ་རེད།
དེའི་ནང་གསོག་ནུས་དཔེ་གསར་གྱི་སྣ་མང་བཀོལ་སྤྱོད་ཀྱི་རྣམ་པ་གཏོད་རྒྱུ་ཡིན་ཞེས་བཏོན་ཞིང་། ཇུས་གཞིའི་ནང་གློག་ཁུངས་ཀྱི་ངོས་དང་། གློག་དྲའི་ངོས། གསར་གཏོད་ཡུལ་རྣམ་བཅས་ཕྱོགས་གསུམ་གྱི་ཐད་ནས་ཉེར་སྤྱོད་ཡུལ་རྣམ་འཛུགས་སྐྱོང་བྱ་རྒྱུ་ཡིན་པ་དཔེར་ན། ནུས་རྒྱུ་གསར་པའི་རྟེན་གཞི་གསར་སྤེལ་དང་ཕྱིར་གཏོང་ལ་འདེགས་སྐྱོར་བྱེད་པ་དང་། ནུས་རྒྱུ་གསར་པ་ཁྲོམ་རར་ཞུགས་པའི་ནུས་པ་ཆེ་རུ་གཏོང་བ། གློག་ཤུགས་མ་ལག་གི་སྙོམས་སྒྲིག་ནུས་པ་ཆེ་རུ་གཏོང་བ། གློག་ཤུགས་རྣམ་པ་གསར་པ་དང་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པ་སོགས་ལྟ་བུ་རེད།
“གློག་དྲའི་ངོས་ཀྱི་གསོག་ནུས་ཀྱིས་མིག་སྔའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་བསྡུར་ཚད་ཀྱི་50%ལྷག་ཙམ་ཟིན་ཡོད། སྔོན་དཔག་བྱས་ན‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་ཞིང་ཆེན་ནང་ཁུལ་གྱི་རང་སྤྱོད་གསོག་ནུས་དཔེ་གསར་གྱི་གློག་འདོན་འཕྲུལ་འཁོར་གྱི་འཕར་ཚད་ཀྱིས་གློག་དྲའི་ངོས་ཀྱི་གསོག་ནུས་གཙོ་བོར་བྱས་ཏེ་གློག་ཤུགས་མཁོ་སྤྲོད་འགན་ལེན་དང་། ནུས་རྒྱུ་གསར་པ་འདྲེན་སྤྱོད། གློག་དྲའི་བདེ་འཇགས་བརྟན་པོ་ཡོང་བར་འདེགས་སྐྱོར་བཅས་ཀྱི་ནུས་པ་གཙོ་གནད་ཐོག་འདོན་རྒྱུ་ཡིན་པ་མ་ཟད། གསལ་ཐོ་དོ་དམ་གྱི་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ནས་ཤོང་ཚད་གློག་རིན་གྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། རྣམ་གྲངས་ཀྱི་ཚན་རིག་དང་མཐུན་པའི་བཀོད་པར་ཁྲིད་སྟོན་བྱ་རྒྱུ་ཡིན”ཞེས་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།
མིག་སྔར། གསོག་ནུས་དཔེ་གསར་གྱི་ཤོང་ཚད་ཀྱི་ཕན་འབྲས་དང་། གློག་ནུས་ཁྲོམ་རའི་ཕན་འབྲས། འགུལ་ཚད་གཞོགས་འདེགས་ཞབས་ཞུ་བཅས་ཟུང་དུ་འབྲེལ་བའི་ཕན་འབྲས་ཀྱི་རྣམ་པ་གཞི་རྩའི་ཆར་ཁ་གསལ་བྱུང་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཇི་ལྟར་བྱས་ནས་གསོག་ནུས་དཔེ་གསར་གྱི་རྣམ་གྲངས་ཀྱི་ཁེ་སྤོགས་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་དགོས་སམ།
ཇུས་གཞིའི་ནང་བཏོན་དོན། གསོག་ནུས་དཔེ་གསར་གྱི་ཤོང་ཚད་རིན་ཐང་མངོན་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་གསལ་ཐོའི་ལམ་ལུགས་ཀྱི་དོ་དམ་ལག་བསྟར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གློག་དྲའི་གཞོགས་ཀྱི་རང་རྐྱ་འཕེར་བའི་གསོག་ནུས་དཔེ་གསར་གྱི་ཤོང་ཚད་གློག་རིན་ལམ་སྲོལ་བཟོ་རྒྱུ་དང་། གསོག་ནུས་དཔེ་གསར་གྱི་གློག་རིན་ལམ་སྲོལ་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། གློག་ཤུགས་མཁོ་སྤྲོད་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་སྐབས་བསྟུན་དུས་བཅད་ཀྱི་གློག་རིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བཟོ་ཚོང་ལས་རིགས་ཀྱི་སྤྱོད་མཁན་དང་ཐོན་ལས་གླིང་ཁུལ་གྱིས་གསོག་ནུས་དཔེ་གསར་འཛུགས་པར་ཁྲིད་སྟོན་བཅས་བྱེད་དགོས།
རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གསོག་ནུས་རྣམ་གྲངས་གསར་པར་ལུགས་མཐུན་གྱི་ཁེ་བཟང་ཐོབ་པར་སྐུལ་འདེད་བཏང་ནས། ས་གནས་ཁག་གི་ལེགས་སྒྲིག་དགོས་མཁོ་དང་གློག་རིན་གྱི་ཐེག་ནུས་གཞི་འཛིན་སར་བྱས་ཏེ་ཆན་ཝ་དུང་ཕྱུར་3སྒྲིག་སྦྱོར་བྱས་པའི་གློག་འདོན་འཕྲུལ་འཁོར་གྱི་དམིགས་ཚད་དང་ཁྲོམ་རའི་འདྲེན་སྤྱོད་ནུས་པ་དང་ཁ་གསབ་ལམ་སྲོལ་གྱི་ཐེག་ནུས་དུས་གཅིག་ཏུ་དོ་སྙོམས་བྱས་ནས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་ཁྲོམ་རའི་གཙོ་ཁྲིད་མངོན་འགྱུར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།