ཆབ་མདོའི་སྟོན་ལྗོངས་ཉམས་སུ་མྱོང་བ།
སྟོན་མཇུག་ཤར་ཚུན། ཆབ་མདོ་འདི་ཉིད་འཕྲེད་རྒྱུག་རི་རྒྱུད་ཀྱི་ཚོན་མདོག་རྣམ་པར་བཀྲ་བའི་རྒྱ་མཚོ་ལྟ་བུར་གྱུར་ཞིང་། རླངས་འཁོར་ལ་བསྡད་དེ་རིམ་བཞིན་སྨར་ཁམས་བརྒྱུད་ནས་སྐྱོད་པའི་ཚེ། དེ་གའི་རྒྱལ་ལམ་214ཡི་གཞོགས་གཉིས་པོའི་ནགས་ཚལ་སྟུག་པོ་དག་ཡུད་ཙམ་ལ་རྒྱབ་ཕྱོགས་སུ་བསྐྱུར་བ་དང་ཆབས་ཅིག ས་བབ་ཀྱང་རིམ་བཞིན་མཐོ་རུ་ཕྱིན་ཏེ་རླངས་འཁོར་གྱི་སྒེའུ་ཁུང་ནས་ལྟ་སྐབས་འདྲེན་བྱེད་ལམ་དུ་ལྟ་བས་མི་ངོམས་པའི་ཡུལ་ལྗོངས་ཤིག་མངོན་འོང་། ས་བབ་སྨི་ཉིས་སྟོང་སུམ་སྟོང་ནས་བཞི་སྟོང་ལྷག་ཙམ་བར་གྱི་སློང་ལ་ཡིས་རང་ཉིད་ཀྱི་སྟོན་ཁའི་ཚོན་མདོག་ཡོད་དོ་ཅོག་རི་མ་ལྡེབས་སུ་ཐང་མར་བརྡལ་ལ། གཤམ་གྱི་སྦྱར་སྡོང་གི་འདབ་ལོ་སེར་པོ་ཉི་འོད་འོག་གསེར་མདངས་རབ་ཏུ་འཕྲོ་བ་དང་། གྱེན་དུ་ཕྱིན་ཚེ་གྲང་ཟུག་ལ་ཇི་མི་སྙམ་པའི་གསོམ་ཤིང་གིས་རང་ཉིད་ཀྱི་ལྗང་མདོག་མི་ཉམས་པར་ངོམ་པར་བྲེལ། དེ་ནས་གྱེན་དུ་མུ་མཐུད་ཕྱིན་ཚེ། ཚོན་མདོག་དམར་སྨུག་ནས་རིམ་གྱིས་རྫ་མདོག་ཏུ་འགྱུར་འགྲོ་བའི་སྡོང་ཕུང་གི་རིགས་རྣམས་རི་རྩེར་ཟུག་ནས་ཡོད།
སློང་ལ་ནས་བབས་ཏེ་རྒྱལ་ལམ་214བརྒྱུད་གཞོགས་ལྷོར་བསྐྱོད་ཚེ། རྫ་ཆུའི་འགྲམ་དུ་གནས་པའི་ཚྭ་ཁ་ལྷོར་སླེབས་པ་དང་། དེར་འབྱོར་སྐབས་སྟོན་ཁའི་ཚོན་མདོག་ནི་སེར་པོ་ཁོ་ན་མིན་པར་དཀར་ཆིལ་ལེར་མཐོང་རྒྱུ་ཡོད་པ་གཞི་ནས་ཤེས་ཐུབ། གཙང་འགྲམ་གྱི་རི་ལྡེབས་སུ་ཤིང་སྒྲོམ་གྱིས་བསྐྱོར་བའི་ཚྭ་ཞིང་གཅིག་ལ་གཅིག་སྦྲེལ་དུ་ཆགས་པ་ནི་བཟོ་བོས་ཆེད་དུ་བཅོས་པའི་དྲ་མིག་བརྐོས་མ་ལྟ་བུར་སྣང་། དེ་གའི་ཚྭ་ཧ་ཅང་གཙང་བ་དང་། བུད་མེད་ཚོས་རྒྱབ་ཏུ་ཆུ་ཟོམ་ཁུར་ཏེ་གཙང་འགྲམ་ནས་དལ་གྱིས་གྱེན་དུ་འཛེག་པ། དེ་ནས་སྒང་དུ་ཚྭ་ཆུ་དག་ཚྭ་ཞིང་ནང་གཤོས་ནས་ཉི་སྐམ་གཏོང་བཞིན་ཡོད། ལོ་ངོ་སྟོང་གི་རིང་མི་རབས་ནས་མི་རབས་བར་ཚྭ་ཉི་སྐམ་གཏོང་གིན་རང་རང་འཚོ་བར་རོལ།
སློང་ལ་ནས་བབས་ཏེ་རིམ་གྱིས་ཁ་རུབ་ཆུས་ཀྱི་ཕྱོགས་སུ་སྐྱོད་སྐབས། ཀརྨ་རོང་དུ་སྟོན་ཁའི་མཛེས་ཉམས་ཡོད་དོ་ཅོག་བསྡུས་པ་ལྟར་དུ་སྣང་། རྗ་ཆུ་ནི་དར་སྔོན་མོ་བརྐྱངས་པ་དང་འདྲ་བར་གྲོག་རོང་དཀྱུས་སུ་རིང་པོར་བསྲིངས་པ་དང་། དེའི་གཞོགས་གཉིས་སུ་ཆགས་པའི་ནགས་ཚལ་དག་ཚོན་མདོག་དམར་པོ་ནས་རིམ་བཞིན་སེར་པོར་ཆགས་པའི་ཁྲོད་ཁམས་པའི་གྲོང་སྡེ་དང་ཆུ་ཕྲན་དག་གཅིག་ལ་གཅིག་འགྲན་ལྟ་བུར་གནས་ཤིང་། ལ་ལས་སྒོ་རའི་ནང་དངུལ་ཆས་རྡུང་བ་དང་། འགའ་རེས་ཤིང་སྒྲོམ་སྟེང་བསྐོན་པའི་ཞལ་ཐང་ལ་ཞལ་གསེར་འབྱུག་པར་བྲེལ། སྟོན་ཁའི་ཉི་གཞོན་གྱི་འོད་མདངས་འདབ་ལོ་སེར་པོའི་གསེབ་ནས་ཁོང་ཚོའི་ལས་ལ་བརྩོན་པའི་ལག་ཟུང་ངོས་ལ་དལ་གྱིས་འཕྲོ་བཞིན་མཆིས། འདི་གའི་སྟོན་ཉམས་ནི་བྱེད་པོའི་རྩོལ་བས་ཆེད་དུ་བཅོས་པ་ཞིག་མིན་པར་རང་བྱུང་ལྷུན་གྲུབ་ཀྱི་སོས་དལ་བག་ཕེབས་ཤིག་ཡིན་ཨང་། ལུང་ཤུར་གྱི་འཚོ་བ་སྟོན་ཉམས་བཞིན་བག་ཕེབས་ལ། ཉི་འོད་གཙང་ཆུར་འཕྲོས་པ་ན་གཙང་ཆུ་རིང་མོ་དལ་གྱིས་རྒྱུག་པ་མ་ཟད། མི་རྣམས་ཀྱིས་བཅངས་པའི་རེ་བ་ཡང་ཆུ་བོའི་བཞུར་སྒྲ་དང་ལྷན་དུ་རྒྱང་རིང་ལ་བསྲིངས་བཞིན་མཆིས།
ར་འོག་མཚེའུ་ཡི་སྟོན་ཉམས་ནི་གྲང་ངད་དང་བརྩེ་བ་དྲོན་མོ་མཉམ་གནས་ཤིག་ཏུ་མཐོང་།
རྒྱལ་ལམ་318བརྒྱུད་དེ་དཔའ་ཤོད་དུ་སྐྱོད་སྐབས། གངས་རིའི་འདབས་སུ་ཆགས་པའི་ར་འོག་མཚོ་སྔོ་ཐིང་ངེར་གནས་ཤིང་། མཚོ་འགྲམ་གྱི་ནགས་ཚལ་དག་ཉི་འོད་ཕོག་མ་ཐག་སེར་ལྷམ་མེར་གྱུར་ནས་སེམས་ལ་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་སྟེར་བ་དང་། ཐག་རིང་གི་གངས་རིས་རབ་དཀར་ཁ་བའི་གོས་བཟང་བཀླུབས་ནས་གྲང་ངར་ཁྲོད་དབེན་འཇམ་མེར་གནས། མཚོ་མོས་དེ་ལྟའི་མཛེས་པ་མ་ལུས་ཆུ་ངོས་སུ་བསྡུས་ཏེ་མཚོ་ངོས་སུ་གངས་རི་དང་ནགས་ཚལ་གྱི་གཟུགས་བརྙན་མངོན་བཞིན་ཡོད་པ་དང་། གློ་བུར་དུ་ལྡང་བའི་རླུང་བུས་མཚོ་ཁར་ཆུ་གཉེར་ཤིག་ཤིག་འཐེན་པ་ལས་དེ་ལྟའི་གཟུགས་བརྙན་སྐད་ཅིག་ཉིད་དུ་ཞིག་པར་གྱུར། གལ་ཏེ་ཁྱོད་ཉིད་མཚོ་ཁར་ལངས་ནས་རྒྱང་རིང་ལ་བལྟས་ཚེ། སྟོན་ཁའི་ཆབ་མདོ་ནི་ཡངས་ཤིང་རྒྱ་ཆེ་བ་ཙམ་མ་ཡིན་པར་དྲོད་ཁོལ་ལྷག་པར་སྦྱིན་པའི་གནས་ཤིག་ཡིན་པ་ཚོར་ཐུབ། གང་ལགས་ཤེ་ན། དམར་མདངས་བཀྲ་བའི་ནགས་ཚལ་དང་། དྭངས་ཤིང་བསིལ་བའི་གངས་རི། དབེན་ཞིང་འཇགས་པའི་མཚོ་མོ་མཐོང་རྒྱུ་ཡོད་པས་རེད།
རྒྱལ་ལམ་349བརྒྱུད་ནས་ལྷོ་རོང་ལུང་ཤུར་དུ་སྐྱོད་ཚེ། བཙས་མ་བརྔས་ཟིན་པའི་སོག་མ་དག་ཞིང་ནང་དུ་ཀྲོང་ངེར་ལུས་པ་དང་། མུ་མཐུད་ནུབ་ཏུ་སྐྱོད་ཚེ་དཔལ་འབར་ལ་སླེབས་ཀྱི་ཡོད། དེ་ནས་ཞིང་ཆེན་ལམ་558བརྒྱུད་ནས་མུ་མཐུད་སོང་ན་ཉི་མོ་ཤང་དང་ས་སྟེང་ཤང་གི་ས་ཁོངས་སུ་འབྱོར་བ་དང་། དེ་གའི་སྟག་མའི་ནགས་ཚལ་ཡུག་འབྲེལ་ནས་ཡོད་པས། ལེ་དབར་བརྒྱ་ཙམ་བསྐྱོད་ཀྱང་ད་དུང་སྟག་མ་སེར་ཐིང་ངེ་མཐོང་རྒྱུ་ཡོད།
ད་དུང་མུ་མཐུད་མདུན་ཕྱོགས་སུ་སྐྱོད་ཚེ་འདྲེན་བྱེད་ལམ་དུ་མངོན་པ་ནི་རི་མོ་མཁས་པའི་པིར་རྩེ་ལས་ཐོན་པའི་མཛེས་རིས་བཞིན་བཀྲག་མདངས་ཆེ། དེ་ནས་སྟེང་ཆེན་དུ་སླེབས་པ་དང་རྩེ་དྲུག་དགོན་ལ་འབྱོར་རྗེས་གཞི་ནས་སེམས་པ་ལྷོད་ལ་བབས། གནའ་བོའི་དགོན་སྡེ་དེ་ཉིད་རྒྱབ་རིར་བསྙེས་ནས་འགྱིང་ངེར་ཆགས་པ་དང་། རྒྱ་ཕིབས་ལས་གསེར་འོད་ལམ་ལམ་འཕྲོ་བའི་ཁར། ཡུལ་སྐོར་གྱི་འདུ་འཛི་མེད་པར་དབེན་འཇམ་ཞིག་ཏུ་སྣང་བས། དེ་གའི་རི་དང་། དགོན་སྡེ། སྤྲིན་དཀར། རྒྱང་རིང་གི་རྩྭ་ཐང་བཅས་ལས་ལྷིང་འཇགས་ཀྱི་རྣམ་པ་ཞིག་ངང་གིས་མངོན་འོང་། དེའི་ཚེ་སྟོན་ཁས་སྐྱེ་བོ་རྣམས་ལ་མིག་ཡིད་ཀྱི་དགའ་སྟོན་གཟབ་རྒྱས་ཤིག་གཤོམ་ངེས་ལ། དབེན་འཇམ་དང་སྟོང་ལྷང་ངེ་བའི་སྣང་བ་ཞིག་ཀྱང་སྟེར་སྲིད།
སྟོན་ཁར་སྤོམ་མདའ་རྩྭ་ཐང་དུ་སྐྱོད་ཚེ། ཚོན་མདོག་རྣམ་པར་བཀྲ་བའི་མཛེས་ལྗོངས་ཤིག་མིག་ལམ་དུ་འཆར་བ་དང་། “ཟླ་བ་དྲུག་པར་རྩྭ་ཐང་སྔོ་ཐིང་ངེར་གནས་པ་དང་ཟླ་བ་དགུ་པའི་ཟླ་འགོར་ཁ་བ་ལྷབ་ལྷུབ་ཏུ་བབས་ནས”མིག་མདུན་གྱི་ཚོན་མདོག་རྣམ་པར་བཀྲ་བའི་མཛེས་ལྗོངས་དག་རིམ་བཞིན་ཡལ་ཏེ་དབྱར་གཞུང་གི་སྔོ་ཞིང་ལྗང་བའི་རྩྭ་རྩི་ཤིང་དག་གསེར་མདོག་གིས་བརྒྱན་པའི་འཇིག་རྟེན་གསར་པ་ཞིག་ཏུ་གྱུར།
འབྲེལ་ཡོད་གསར་འགྱུར།