དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བཟང་པོ། ས་མཐོའི་སྦྲག་སྐྱེལ་ལམ་བུར་དཀའ་སྤྱད་འབད་འཐབ་བྱེད་མཁན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-15

    ཉེ་དུས། བཟང་པོས་འདས་ཟིན་པའི་ལོ་28རིང་། རྣམ་ཀུན་ཕྱོགས་ལ་མ་ཐོན་གོང་ཀྲིག་ཅར་བཞིན་ལྗང་མདོག་གི་སྦྲག་སྐྱེལ་རླངས་འཁོར་ལ་སྐོར་བ་གཅིག་བརྒྱབ་ནས་ཞིབ་བཤེར་བྱས།

    དེ་ཡང་ཉེ་དུས་མངའ་རིས་སུ་གངས་བབས་པས་ཞོགས་པ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་5བར་ཆག་པ་དང་སྦྲག་སྐྱེལ་རླངས་འཁོར་གྱི་མདུན་ཤེལ་སྟེང་འཁྱགས་པ་སྲབ་མོ་ཞིག་ཐེབས་ཡོད་པ་རེད། བཟང་པོས་མགོ་བོ་དུད་ནས་རླངས་འཁོར་གྱི་འཁོར་ལོའི་རི་མོར་ཞིབ་པར་བལྟས་རྗེས། སླར་ཡང་འཁོར་བཀག་དང་། འཁོར་སྒྲོམ་གྱི་ལྕགས་ལུང་། སྣུམ་སྒམ་གྱི་ཁེབས་གཅོད་སོགས་རེ་རེ་བཞིན་ལ་ཞིབ་བཤེར་བྱས། ཚང་མ་སྣང་དག་མེད་པ་མཐོང་རྗེས་ཁོང་གིས་ག་ལེར་རླངས་འཁོར་གྱི་གློག་བསླངས། འདྲིས་ཆེ་བའི་སྒུལ་བྱེད་འཕྲུལ་འཁོར་གྱི་སྒྲ་གྲགས་པ་དང་བསྟུན་ནས་ཁོང་གིས་སླར་ཡང་གྲངས་མེད་བསྐྱོད་མྱོང་བའི་སྦྲག་སྐྱེལ་ལམ་བུར་ཆས།

    1998ལོར་ལོ་22ལ་སླེབས་པའི་བཟང་པོས་མངའ་རིས་ས་ཁུལ་སྦྲག་སྲིད་ཅུས་ལ་ཐེངས་དང་པོར་ཡོང་ཞིང་། དུས་དེ་ནས་བཟུང་། ཁོང་སྦྲག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཏུ་གྱུར། སྐབས་དེ་དུས་ཁོང་གིས་གཏོང་བའི་སྦྲག་སྐྱེལ་རླངས་འཁོར་དང་པོ་དེ་ནི་ཏུན་5རིམ་པའི་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་རྙིང་པ་ཞིག་རེད།

    བཟང་པོས་ཤར་རླུང་རྟགས་ཅན་རླངས་འཁོར་གྱི་པར་རྙིང་པ་ཞིག་ལ་ལྟ་བཞིན“སྐབས་དེ་དུས་མངའ་རིས་ས་ཁུལ་ནས་མཚོ་ཆེན་རྫོང་བར་ཕར་འགྲོ་ཚུར་འོང་བྱེད་པར་མ་མཐར་ཡང་ཉིན་8འགོར་གྱི་ཡོད། ལམ་བར་དུ་འུར་འུར་དུ་ལྡང་བའི་རླུང་བུའི་སྒྲ་མ་གཏོགས་མིའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད། ད་དུང་ལམ་བར་དུའང་ཚ་ཕོགས་རྒྱག་ས་ཡག་པོ་དེ་འདྲ་མེད། དགུན་དཔྱིད་གཉིས་སུ་གངས་ཀྱི་ཁྲོད་དུ་ལུས་ཀྱི་ཡོད་པས། ལྟོགས་ན་ལྟོ་ཕད་ནང་གི་ལམ་རྒྱགས་ཟ་བ་དང་སྐོམ་ན་གངས་སྦར་མོ་གང་དོ་ཟ་གི་ཡོད”ཅེས་སྐབས་དེ་དུས་ཀྱི་སྦྲག་སྐྱེལ་གྱི་སྐོར་བརྗོད་བྱུང་།

    2014ལོར་སྦྲག་སྐྱེལ་གྱི་དགོས་མཁོ་ཆེ་རུ་ཕྱིན་པ་དང་བསྟུན་ནས། སྦྲག་སྐྱེལ་ལམ་བུ་གཞིས་རྩེ་བར་སྣུར་སྲིང་བྱས་ཤིང་། ཁོང་གི་སྦྲག་སྐྱེལ་རླངས་འཁོར་དེ་ཡང་ཏུན་8ཐེག་པའི་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཞིག་ཏུ་བརྗེས་པ་དང་། ལམ་ཧྲིལ་པོ་མི་རྣམས་ལ་མགོ་ཡུ་འཁོར་བའི་དེ་སྔོན་གྱི་འབར་འབུར་ལམ་དེ་འདྲ་མིན། མ་གཞི་མཚོ་ཆེན་རྫོང་ལ་སྐྱོད་པ་ལས་ལམ་ཐག་སྤྱི་ལེ་450ཡིས་རིང་དུ་ཕྱིན་ཡོད་མོད། འོན་ཀྱང་མངའ་རིས་ནས་གཞིས་རྩེ་བར་ཕར་འགྲོ་ཚུར་འོང་བྱེད་པར་དུས་ཚོད་ཉིན་7ལས་འགོར་གྱི་མེད། 2018ལོར་ལྗིད་ཚད་ཏུན་17ཐེག་པའི་སྦྲག་སྐྱེལ་རླངས་འཁོར་གསར་པ་ཁོང་ལ་སྤྲད་པ་དང་སྦྲག་སྐྱེལ་གྱི་ལམ་བུ་ཡང་ལྷ་ས་བར་རིང་དུ་ཕྱིན་ཡོད། སྐབས་དེར་འགྲོ་ལམ་ཚང་མར་སྣུམ་ནག་ལམ་བཏིངས་ཟིན་པས། ལམ་ཐག་ཧྲིལ་པོར་སྤྱི་ལེ་3200ཙམ་ཡོད་པའི་མངའ་རིས་ནས་ལྷ་ས་བར་འགྲོ་འོང་བྱེད་པར་ཉིན་5ལས་འགོར་གྱི་མེད་པ་རེད།

    ལོ་28རིང་། བཟང་པོས་སྔ་ཕྱི་བར་གསུམ་དུ་སྦྲག་སྐྱེལ་གྱི་ལམ་དུ་བྲེལ་བཞིན་ཡོད། ལོ་འདི་དག་ནང་སྦྲག་སྐྱེལ་རླངས་འཁོར་ལེགས་སུ་ཕྱིན་པ་མ་ཟད་ལམ་བར་གྱི་ཡུལ་ལྗོངས་ལ་ཡང་འགྱུར་ལྡོག་འགྲོ་བཞིན་ཡོད། སྔོན་ཆད་འབར་འབུར་གྱི་བྱེ་རྡོའི་ལམ་བུ་དེ་རིམ་བཞིན་ཁོད་སྙོམས་པའི་སྣུམ་ནག་ལམ་དུ་གྱུར་པ་དང་། འགྲོ་ལམ་གྱི་གཡས་གཡོན་གཉིས་སུ་ཁང་པ་ཡང་མང་དུ་ཕྱིན་ཡོད། ལྷག་པར་དུ་ལམ་བར་གྱི་གྲོང་ཁྱེར་དང་གྲོང་རྡལ་ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་ཡོད་ལ་དེང་རབས་ཅན་གྱི་རྣམ་པ་ཡང་མངོན་བཞིན་ཡོད་པ་རེད།

    འདི་དང་འདྲ་བའི་འགྱུར་ལྡོག་ད་དུང་སྦྲག་སྐྱེལ་རླངས་འཁོར་ནང་གི་དངོས་ཟོག་ལས་ཀྱང་མཐོང་ཐུབ།

    ལོ་བཅུ་གྲངས་ལྷག་ཙམ་གྱི་གོང་དུ་ཁོང་གི་སྦྲག་སྐྱེལ་རླངས་འཁོར་ནང་མང་ཆེ་བ་ནི་འཕྲིན་ཡིག་རེད། སྐབས་དེར་མི་རྣམས་ཀྱིས་ཕ་ཡུལ་དང་གཉེན་ཉེར་འཕྲེང་བའི་སེམས་པ་ཤོག་བུ་དཀར་པོའི་སྟེང་བྲིས་ཏེ་བསྐུར་གྱི་ཡོད། འཕྲིན་ཡིག་དེ་དག་མེས་རྒྱལ་གྱི་ས་ཕྱོགས་གང་ས་ནས་སྔོན་ལ་ལྷ་སར་འབྱོར་བ་དང་དེ་ནས་ལེ་དབར་སྟོང་གིས་ཆོད་པའི་མངའ་རིས་སུ་འབྱོར་གྱི་ཡོད། སྐབས་དེ་དུས་ཁོང་གིས་རང་ཉིད་ཀྱིས་སྐྱེལ་བ་ནི་སྤྱིར་བཏང་གི་སྦྲག་བསྐུར་ཞིག་གཏན་ནས་མིན་པར་དེ་ནི་མི་མང་པོའི་དྲན་སེམས་དང་མངའ་རིས་དང་ཕྱི་རོལ་འཇིག་རྟེན་གཅིག་ཏུ་འབྲེལ་བའི་འབྲེལ་ཟམ་ཞིག་ཡིན་པ་ཤེས་ཀྱི་ཡོད།

    ད་ཆ་ཁོང་གི་སྦྲག་སྐྱེལ་རླངས་འཁོར་ནང་དྲ་ཐོག་ནས་ཉོས་པའི་བསྐུར་མ་རྡག་རྡག་བླུག་གི་ཡོད་དེ། རྒན་རྒོན་ཚོར་ཉོས་པའི་བྱ་སྤུའི་སྟོད་ཐུང་དང་། གཞོན་ནུ་ཚོས་དགའ་པོ་བྱེད་པའི་དར་སོ་ཆེ་བའི་དངོས་ཟོག ཚོང་ཁང་གིས་འཐེན་པའི་རྒྱུན་མཁོའི་ཚོང་ཟོག་སྣ་ཚོགས། ཡུལ་མི་སྤུན་ཟླ་ཚོས་དྲ་ཐོག་ནས་ཉོས་པའི་ཞིང་འཕྲུལ་ཆུང་གྲས་ཀྱི་ལྷུ་ལག་སོགས་སྣ་ཁ་མང་པོ་ཡོད་པས་འཁོར་སྒྲོམ་བྱུར་བུར་ཁེངས་ཀྱི་ཡོད་པ་རེད།

    ལོ་ན་གཞོན་པའི་དགེ་ཕྲུག་ཁྲིད་ནས་སྐྱོད་སྐབས་ཁོང་གི་སྐད་ཆ་དང་པོ་ནི་ནམ་ཡང་“མགྱོགས་པོ་སླེབས་པ་ཁོ་ན་བསམ་ནས་མ་བསྡད་པར་བརྟན་པོ་བྱེད་དགོས”ཞེས་པ་དེ་ཡིན། ལམ་བར་གྱི་མྱོང་བ་དང་། རླངས་འཁོར་གྱི་གནས་ཚུལ། ཉེན་ཁ་འཕྲད་པའི་ཉམས་མྱོང་བཅས་ཚང་མ་ཁོང་གིས་དགེ་ཕྲུག་ཚོར་རེ་རེ་བཞིན་མངགས་བཅོལ་བྱེད་ཀྱི་ཡོད། ཁོང་གིས་རང་ཉིད་ཀྱིས་བརྒྱུད་མྱོང་བའི་བཀའ་ངལ་དེ་དག་རྗེས་རབས་གཞོན་ནུ་ཚོར་སླར་ཡང་མ་འཕྲད་པ་བྱེད་དགོས་ཞེས་བརྗོད་ཀྱི་ཡོད།

    རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་དང་། རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་། བོད་ཀྱི་བཟོ་བོ། “རྒྱལ་ཡོངས་ཀྱི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཡག་ཤོས་བཅུ” སོགས་ལོ་ངོ་28ཡི་རིང་ཁོང་ལ་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད། འོན་ཀྱང་བཅར་འདྲི་བྱེད་རིང་བཟང་པོས་གསར་འགོད་པར་དེ་དག་གི་སྐོར་ཚིག་གཅིག་ཀྱང་གླེང་མེད། ཁོང་གིས་སེམས་ཁྲལ་བྱ་ཡུལ་ནི་ནམ་ཡང་ཐོན་ལ་ཉེ་བའི་སྦྲག་སྐྱེལ་རླངས་འཁོར་དེ་རེད། ཁོང་གིས“གང་ལྟར་ངས་རླངས་འཁོར་བཏང་མ་ཐུབ་པའི་བར་མུ་མཐུད་འབད་བརྩོན་བྱས་ནས་སྦྲག་དངོས་དང་བསྐུར་མ་ཚང་མ་ཡུལ་མི་ཚོའི་ལག་ཏུ་བརྟན་པོའི་ངང་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།