དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་སྐབས་ནན་བཤད་གནང་དོན།

    ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་བཏང་ནས་གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་མ་རྩ་རྒྱ་སྟོབས་ཆེ་རུ་གཏོང་བར་འགན་ལེན་བརྟན་པོ་བྱེད་དགོས།

    ཚའེ་ཆི་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-15

    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། གཞུང་ཁོངས་ཁེ་ལས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་པས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཐེབས་པ་དང་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར་དུས་རབས་གསར་པའི་ཏང་འཛུགས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གིས་གཞུང་ཁོངས་ཁེ་ལས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་ཏང་གིས་འགོ་ཁྲིད་བྱ་རྒྱུ་དེ་ཀུང་སིའི་བཅོས་སྐྱོང་གི་ལྷུ་ཚིགས་ཁག་ནང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་དགོས་པ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་ཏང་འཛུགས་སྐྱོང་ལས་དོན་དང་ཐོན་སྐྱེད་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་པ། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་ཅིག་གཏོད་དགོས་པ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་བློ་བརྟན་འགྱུར་མེད་ངང་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱས་ཏེ། སྤྱོད་གཙང་གཞུང་དྲང་དང་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་བཏོད་ནས། གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་མ་རྩ་རྒྱ་སྟོབས་ཆེ་རུ་གཏོང་བར་འགན་ལེན་བརྟན་པོ་བྱེད་དགོས།

    གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཟླ་11ཚེས་13ཉིན་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    ཚའེ་ཆི་ཡིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྗོད་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་གནད་ལ་འཁེལ་བ་ཞིག་ཡོད་པས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཡོད་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་ལས་འགན་དང་བྱ་ཐབས་གལ་ཆེན་བཏོན་ཡོད། ང་ཚོས་སྤྱི་འདོམས་ཀྱིས་སློབ་སྦྱོང་དང་གོ་བ་བླངས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།

    ཚའེ་ཆི་ཡིས་གསུངས་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་ནི་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་བསམ་བློའི་མཚོན་ཆ་རྣོན་པོ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྩ་བའི་རྩ་དོན་དང་། དམིགས་ཚད་བླང་བྱ། གཙོ་གནད་ལས་འགན། རྟེན་སའི་སྟོབས་ཤུགས། རྨང་གཞིའི་འགན་ལེན། དེ་བཞིན་གཞུང་ཁོངས་ཁེ་ལས་ཀྱི་འཐབ་ཇུས་གནས་བབ་དང་འགན་འཁྲི་དང་ནུས་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་བརྒྱུད་རིམ་ལྡན་པའི་གསལ་བཤད་གནང་སྟེ། དུས་རབས་གསར་པར་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་གཞི་འཛིན་ས་གལ་ཆེན་ཞིག་མཁོ་འདོན་གནང་ཡོད།

    ཚའེ་ཆི་ཡིས་ནན་བཤད་གནང་དོན། ཉེ་བའི་ལོ་ཤས་རིང་། གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་འཛིན་ལམ་འཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བར་ཐུག་ཡོད། དེར་བརྟེན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་དེ་བས་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ཀྱི་འགྱུར་ལྡོག་ལས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་བཏོན་པའི་བླང་བྱ་གསར་པ་གནད་ལ་འཁེལ་པོས་ཁོང་དུ་ཆུད་པར་བྱས་ཏེ། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ལས་དོན་ཁག་ཡག་པོ་སྒྲུབ་དགོས།

    ཚའེ་ཆི་ཡིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ནན་པའི་ཐོག་ནས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགོ་ཁྲིད་ཚན་ཁག་དང་ལྷག་པར་དུ“འགོ་ཁྲིད་ཨང་དང་པོ”ལེགས་འདེམས་ཧྲག་སྒྲུག་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་པ། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། རུལ་སུངས་ལ་ཆད་པ་མཐའ་གཅིག་ཏུ་གཅོད་པ་བཅས་བྱས་ཏེ། ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱ་རྒྱུ་དེ་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་བྱས་ནས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

    ཧྲི་ཐའེ་ཧྥུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཧོ་ལི་ཧྥུང་དང་། ཀྲང་གོ་ཆིང་། མུའུ་ཧུང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    སི་ཁྲོན་ཞིང་ཨུད་རྩ་འཛུགས་པུའུ་དང་། ཨན་ཧུའེ་ཞིང་ཨུད་དངུལ་རྩ་ལས་དོན་ཨུ་ལྷན། ཧྲང་ཧའེ་གྲོང་ཁྱེར་གཞུང་རྒྱུ་ཨུ་ལྷན། ཆུ་བེད་པུའུ། ཀྲུང་གོ་ཞིང་ལས་དངུལ་ཁང་། ཀྲུང་གོ་ལྷོ་ཕྱོགས་གློག་དྲ་ཚད་ཡོད་འགན་འཁྲི་ཀུང་སི། ཀྲུང་གོ་ཀྲུང་ཁྲེ་ཚོགས་པ་ཚད་ཡོད་ཀུང་སི། ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སི་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

    ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་སྒྲིག་གཞི། ཁེ་ལས་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།