དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མ་ལེ་ཞི་ཡའི་ཤར་རྒྱ་མཚོའི་ངོགས་ཀྱི་ལྕགས་ལམ་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་མཇུག་འགྲིལ་ནས་རྩིས་སྤྲད་པ་དང་ཟླ་12པའི་ཟླ་དཀྱིལ་དུ་མེ་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-14

    ཉེ་ཆར། མ་ལེ་ཞི་ཡའི་ཤར་རྒྱ་མཚོའི་ངོགས་ཀྱི་ལྕགས་ལམ(གཤམ་དུ“མ་ཤར་ལྕགས་ལམ”ཞེས་བསྡུ་རྒྱུ)རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭ(ཀེ་ཏ་པ་ལུའུ་ནས་ཨེ་མའེ་བར་གྱི་ལམ་དུམ)མཇུག་འགྲིལ་ནས་རྩིས་སྤྲད་པ་དང་། ཟླ་12པའི་ཟླ་དཀྱིལ་དུ་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

    མ་ཤར་ལྕགས་ལམ་ནི་མ་ལེ་ཞི་ཡས་ཀྲུང་གོའི་ལག་རྩལ་གྱི་ཚད་གཞི་སྤྱད་དེ་བསྐྲུན་པའི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཡིན་པ་དང་། བྱང་ཕྱོགས་ཅི་ལན་ཏན་ཀྲོའུ་ཀེ་ཏ་པ་ལུའུ་ནས་ཕྱེད་གླིང་ཤར་རྒྱ་མཚོའི་ངོགས་བརྒྱུད་ནས་ཀོན་ཏན་བར་སླེབས་རྗེས་ནུབ་ཕྱོགས་སུ་དཀྱོག་མཐར་པ་ཧྲེང་གྲུ་ཁར་འབྱོར་བ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་665ཡོད་པ་རེད། ཀྲུང་གོ་དང་མ་ལེ་ཞི་ཡས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ལས་གྲྭ་ཨ་མ་ཞིག་ཡིན་པས་མ་ཤར་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ཤར་ནུབ་མཚོ་ངོགས་དབར་གྱི་ས་ཁམས་ཀྱི་བཀག་རྒྱ་བསལ་ནས་ལམ་རྒྱུད་ཀྱི་དཔལ་འབྱོར་བར་ཁྱམས་འཁྲུག་ཏུ་ཕྱིན་ཏེ། མ་ལེ་ཞི་ཡ་དང་ཐ་ན་ཨེ་ཤེ་ཡ་ཤར་ལྷོའི་ས་ཁོངས་ཧྲིལ་པོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་བསྣན་རྒྱུ་རེད།

    “འགྲིམ་འགྲུལ་དང་ཟོག་འགྲུལ་གྱི་མ་གནས་ཅུང་མཐོ་བས། དུས་ཡུན་རིང་པོའི་ནང་དེ་ནི་ཤར་རྒྱ་མཚོའི་ངོགས་ཀྱི་ས་ཁུལ་ལ་མ་འཇོག་བྱེད་པར་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་དང་ཐོན་ལས་ཆེ་གྲས་ལ་ཤུགས་རྐྱེན་མངོན་གསལ་དོད་པོ་ཐེབས་ཡོད”ཅེས་མ་ལེ་ཞི་ཡའི་ལྕགས་ལམ་སྦྲེལ་མཐུད་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཏ་ཝུའེ་སིས་བརྗོད་པ་དང་། ཁོང་གིས། “མ་ཤར་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་དེ་བས་ནུས་ཆེ་དང་གྲོན་ཆུང་གི་ཟོག་འགྲུལ་ཐག་གཅོད་ཇུས་གཞི་མཁོ་འདོན་ཐུབ་ནས། ཤར་རྒྱ་མཚོའི་ངོགས་ཀྱི་ས་ཁུལ་གྱི་འགྲན་རྩོད་ནུས་པ་དང་མ་འཇོག་ལ་ཡིད་དབང་འགུག་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ་ས་ཁུལ་དེ་བས་དོ་སྙོམས་དང་། བསྟུན་མཁས། རྒྱུན་མཐུད་ཆོག་པ་བཅས་ཀྱི་འཕེལ་རྒྱས་ཡོང་རྒྱུ་རེད”ཅེས་བརྗོད།

    མིག་སྔར་མ་ཤར་ལྕགས་ལམ་རྒྱུད་དུ་དཔལ་འབྱོར་ཐོན་ལས་གླིང་ཁུལ་དང་ཟོག་འགྲུལ་ལྟེ་གནས་དང་ཚོང་ལས་གསར་སྤེལ་རྣམ་གྲངས་མང་པོར་མཉམ་དུ་སྐུལ་འདེད་གཏོང་བཞིན་ཡོད་པའི་ནང་ཐུའོ་ཁེ་པ་ལི་ཕྱོགས་བསྡུས་ཉ་ལས་གླིང་དང་། བཟོ་ལས་གླིང་། པ་ཞི་མ་དབྱི་སི་ལམ་ཐོན་ལས་གླིང་། མ་ཀྲུང་ཀོན་ཏན་རྒྱལ་སྤྱིའི་ཟོག་འགྲུལ་གླིང་སོགས་ཚུད་ཡོད། མ་འཇོག་མཁན་གྱིས་བཟོ་སྐྲུན་ལས་རིགས་དང་། ཟོག་འགྲུལ། མཛོད་ཉར། བསྐྱར་སྐྱེས་རུང་བའི་ནུས་རྒྱུ། ཡུལ་སྐོར་ལས་རིགས་སོགས་ཁྱབ་ཁོངས་ལ་དོ་ཁུར་བྱེད་ཚད་དང་དེའི་ནང་ཞུགས་འདོད་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། “‘སྦྲེལ་མཐུད’དེས་ས་གནས་ཀྱི་བར་ཐག་ཐུང་དུ་ཕྱིན་པ་མ་ཟད། ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་དེ་བས་ཆུང་དུ་ཕྱིན་ཡོད”ཅེས་མ་ཤར་ལྕགས་ལམ་རྣམ་གྲངས་ཀྱི་བཀོད་འདོམས་པ་གཞོན་པ་དང་ཀྲུང་གོ་མཚོ་ཁུག་ལས་གྲྭ་འགན་འཁྲི་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་པའེ་དབྱིན་ཀྲན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།