དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • COP17གྱིས“ཁུན་མོང་སྒྲོམ་གཞི”དོན་འཁྱོལ་གང་མགྱོགས་ཐུབ་པར་སྐུལ་མ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-14

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨེ་རེ་ཝན་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》(གཤམ་དུ《སྤྱི་ཆིངས》ཞེས་བསྡུ་རྒྱུ)ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བདུན་པ(COP17) ཉེ་ཆར་ཨར་མེ་ཉི་ཡའི་རྒྱལ་ས་ཨེ་རེ་ཝན་དུ་གྲོལ་ཞིང་། ཚོགས་ཆེན་ལ“ཁུན་མིང་ནས་མོང་ཐེ་ལིར་བར་གྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི”(གཤམ་དུ“ཁུན་མོང་སྒྲོམ་གཞི”ཞེས་བསྡུ་རྒྱུ)དོན་འཁྱོལ་གྱི་གོ་ལ་ཧྲིལ་པོའི་མཉམ་སྡེབ་འཕེལ་རིམ་ལ་ཞིབ་བཤེར་ཐེངས་དང་པོ་དང་ཐོན་ཁུངས་སྐོང་འཐེན་སོགས་ཀྱི་གྲོས་གཞིའི་འབྲེལ་ཡོད་གཏན་འབེབས་དང་དེ་བཞིན་ཚོགས་འདུའི་སྙན་ཞུར་གྲོས་འཆམ་བྱུང་བ་དང་། ཕྱོགས་ཁག་ལ“ཁུན་མོང་སྒྲོམ་གཞི”དོན་འཁྱོལ་གང་མགྱོགས་ཐུབ་རྒྱུའི་སྐུལ་མ་བཏང་བ་རེད།

    མཚན་གང“དུས་ཡུན་རིང་དུ་བཏང་ནས”གྲོས་མོལ་བྱས་པ་བརྒྱུད། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་31ཉིན་གྱི་སྔ་དྲོར་གོ་ལ་ཧྲིལ་པོའི་ཞིབ་བཤེར་གཏན་འབེབས་ལ་གྲོས་འཆམ་བྱུང་ཞིང་། དེའི་ཁྲོད་ཀྲུའུ་ཞིའི་རྒྱལ་ཁབ་ཨར་མེ་ཉི་ཡས་སྒྲོམ་གཞི་དོན་འཁྱོལ་གང་མགྱོགས་ཐུབ་རྒྱུ་དམིགས་ཡུལ་དུ་བྱས་ནས“ཨེ་རེ་ཝན་གྱི་ཐབས་ལམ”བཏོན་ནས་ཕྱོགས་ཁག་ལ་རྒྱལ་སྤྱིའི་མཉམ་ལས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མིག་སྔའི་སྒྲོམ་གཞི་དོན་འཁྱོལ་བྱེད་པའི་ཧེ་བག་གསབ་རྒྱུར་སྐུལ་མ་བཏང་བ་རེད།

    ཚོགས་འདུ་མ་གྲོལ་གོང་། 《སྤྱི་ཆིངས》དྲུང་ཡིག་ཁྲུའི་ལག་བསྟར་དྲུང་ཡིག་ཨ་སི་ཐེ་ལི་ཏེ·ཤའོ་མེ་ཁེས། སྐབས་འདིའི་ཚོགས་ཆེན་ཐོག་གོ་ལ་ཧྲིལ་པོའི་ཞིབ་བཤེར་ལེགས་གྲུབ་བྱུང་བ་དང་ལྷག་པའི་ཧེ་བག་གསལ་པོ་བཟོས་ཡོད། 2030ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་སླར་གསོའི་དམིགས་ཚད་མངོན་འགྱུར་བྱ་ཆེད། ད་ཆ“ཨེ་རེ་ཝན་གྱི་ཐབས་ལམ”བརྒྱུད་མུ་མཐུད་འབད་བརྩོན་བྱེད་དགོས་ཞེས་བརྗོད་པ་རེད།

    ཚོགས་ཆེན་ཐོག་ད་དུང་དངུལ་རྩའི་ལམ་སྲོལ་དང་། སྐྱེ་དངོས་སྣ་མང་རང་བཞིན་དང་གནམ་གཤིས་འགྱུར་ལྡོག རྒྱ་མཚོ་དང་མཚོ་རྒྱུད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན། ནགས་ཚལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སོགས་ཀྱི་ཕྱོགས་དང་དེ་བཞིན་སྲོལ་རྒྱུན་ཤེས་བྱ་དང་། མཉམ་འདུས་སྐྱེ་དངོས་རིག་པ། སྐྱེ་དངོས་སྣ་མང་རང་བཞིན་གྱི་གཙོ་རྒྱུན་ཅན་སོགས་ཁྱབ་ཁོངས་ཀྱི་གྲོས་གཞིར་གྲོས་ཞིབ་བྱས་པ་རེད། ཚོགས་ཆེན་ཐོག《སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་2028ལོར་ཨེ་ཁྭ་ཏོར་དུ་འཚོག་རྒྱུའི་གཏན་འབེབས་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།