རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་། བོད་མིའི་འབྱུང་གནས་ལྷོ་ཁའི་ཉམས་བཟང་མངོན།

འདི་ནི་ཡུལ་སྐོར་བས་ཡུམ་བུ་བརླ་མཁར་གྱི་ལྗོངས་གཟིགས་སྒང་ནས་དྲན་རྟེན་པར་རྒྱག་བཞིན་པ།

འདི་ནི་བྱིས་པ་ཞིག་གིས་རྟ་བཞོན་ནས་རི་སྐོར་གྱི་སྤྲོ་སྣང་ཉམས་སུ་མྱོང་བཞིན་པ།

འདི་ནི་ཡུལ་སྐོར་བས་ཡུམ་བུ་བརླ་མཁར་དུ་དྲན་རྟེན་པར་རྒྱག་བཞིན་པ།
པ་སངས་ཀྱིས་ཡུལ་སྐོར་བ་རྟར་བསྐྱོན་ནས་ཡུམ་བུ་བརླ་མཁར་གྱི་མཛེས་ལྗོངས་ཁུལ་དུ་ཡར་སྐྱེལ་མར་བསུ་བྱས་ཏེ་བགྲང་བྱ་ཉི་ཤུ་ལྷག་ཙམ་འདས། འདི་གར་འགྱུར་ལྡོག་གང་ཞིག་བྱུང་ཡོད་མེད་ཁོ་པའི་སེམས་ནང་ཧ་ཅང་གསལ་པོ་ཡོད། འགྱུར་ལྡོག་བྱུང་བ་ནི་སྒྲིག་ལམ་དང་ཡོང་འབབ་ཡིན་ཞིང་། སྔོན་ཆད་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གསུམ་ལྷག་ཙམ་གསོག་ཐུབ་པ་དང་ད་ཆ་སྒོར་ཁྲི་བཞི་ལྔ་ཙམ་གསོག་ཐུབ་ཀྱི་ཡོད། འགྱུར་ལྡོག་མེད་པ་ནི་རྟ་ཕོའི་གཡེར་ཁའི་སྒྲ་དང་བོད་མིའི་འབྱུང་ཁུངས་ཀྱི་རིག་གནས་ལ་འཛིན་པའི་ཡུལ་སྐོར་བའི་འདུན་པ་ཟབ་མོ་དེ་རེད།
ལས་རིགས་འདིས་སྨོན་གྲོང་སྒང་སྡེ་ཁུལ་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་སླར་ཡང་རིམ་སྤོར་ཡོང་བར་སྐུལ་འདེད་ཐུབ་ཡོད།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་སྨོན་གྲོང་སྒང་སྡེ་ཁུལ་དུ་མཁར་ལ་སྔ་བ་ཡུམ་བུ་བརླ་མཁར་དང་ཞིང་ལ་སྔ་བ་ཟོ་ཐང་ཞིང་ཆགས་ཡོད་པ་དང་། བོད་མིའི་འབྱུང་གནས་ཀྱི་འབྱུང་ཁུངས་རིག་གནས་ནི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་གསེར་གྱི་ལྡེ་མིག་ལྟ་བུ་རེད། འོན་ཀྱང་སྔོན་ཆད་སྐབས་ཤིག་རིང་བཞོན་རྟ་དང་གཟིགས་འཁོར་ལ་གཅིག་གྱུར་བཀོད་སྒྲིག་བྱེད་མཁན་མེད་པས། ཟང་ཟིང་ཆགས་ནས་རྟ་པ་ཚོས་རང་འདོད་ལྟར་གོང་ཚད་རྒྱག་པ་དང་གཟིགས་འཁོར་གང་བྱུང་དུ་འཇོག་པ་སོགས་བྱེད་ཀྱི་ཡོད་པས། ཡུལ་སྐོར་བ་ཚོར་ཡུལ་སྐོར་གྱི་ཉམས་ལེན་ཡག་པོ་ཞིག་གཏན་ནས་ཡོང་གི་མེད་ལ། སྡེ་ཁུལ་གྱི་ཡུལ་མིའི་ཡོང་འབབ་ཀྱང་བརྟན་པོ་མེད།
ཉེ་བའི་ལོ་གཉིས་ཙམ་ནས་གནས་ཚུལ་དེར་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། སྣེ་གདོང་ཆུས་ཀྱིས“མཛེས་ལྗོངས་ས་ཚིགས”དེ“མཛེས་ལྗོངས་ཁུལ”དང“ཐོན་ཁུངས”དེ“རྒྱུ་ནོར”ལ་གཏོད་རྒྱུའི་སེམས་ཐག་བཅད། སྡེ་ཁུལ་གྱིས་བཞོན་རྟ་དང་གཟིགས་འཁོར་ལ་གཅིག་གྱུར་དོ་དམ་བྱས་ནས་སྒུག་ས་དབྱེ་བ་དང་། རིན་གོང་གཅིག་གྱུར་གཏན་འཁེལ་བྱེད་པ། མངགས་ཐོ་དྲང་སྙོམས་བགོ་བ་བཅས་བྱས་པ་མ་ཟད། ད་དུང་དུས་བཀག་ལྟར་ཞབས་ཞུའི་གུས་སྲོལ་དང་སྐད་གཉིས་ཀྱི་སྣེ་ལེན་གསོ་སྦྱོང་ཡང་བྱེད་ཀྱི་ཡོད།
“བྱེད་སྟངས་དེ་ལས་དྲང་སྙོམས་བྱུང་ལ་ཕན་འབྲས་ཀྱང་བཟང་པོ་ཐོན་ཡོད”སྨོན་གྲོང་སྒང་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཉི་མས་རི་འདབས་ཀྱི་རླངས་འཁོར་འཇོག་སར་ལངས་ནས་གྲལ་འགྲིག་པའི་གཟིགས་འཁོར་ལ་མཛུབ་མོ་འཛུགས་ཀྱིན། ད་ལོའི་ལོ་སྟོད་དུ་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་30ཙམ་ཟིན་པ་དང་ལོ་ཧྲིལ་པོར་སྒོར་ཁྲི་60ནས་70བར་བརྟན་པོ་ཡོད། ན་ནིང་བགོ་འགྲེམས་གཅིག་པུ་བརྒྱབ་པར་སྒོར་ཁྲི་30ཟིན་ཡོད། ད་ལོ་ང་ཚོས་ལོ་མཇུག་ཏུ་མང་ཚོགས་ལ་བགོ་འགྲེམས་དེ་བས་མང་བ་རྒྱག་ཐུབ་པའི་གདེང་ཚོད་ཡོད་ཅེས་གསར་འགོད་པར་ངོ་སྤྲོད་བྱས།
ད་ཆ་སྨོན་གྲོང་སྒང་སྡེ་ཁུལ་གྱི་ལྟ་སྐོར་ལམ་ཐིག་ཏུ་ཇ་ཁང་དང་། ཁྱད་ལྡན་ཚོང་ཁང་ཆུང་གྲས། དམངས་སྲོལ་ཁྱད་ལྡན་ཁྲོམ་བཀྱག་བཅས་རིམ་པ་བཞིན་བཙུགས་ཡོད། དམངས་སྲོལ་གནས་ཚང་དང་། གླིང་ཁ། མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་བཅས་ཀྱང་ས་གནས་དེ་གའི་མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་པའི་ཐབས་ལམ་གཙོ་བོར་གྱུར་ཡོད། སྣེ་གདོང་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝུའེ་དབྱིང་དཀར་གྱིས། གོམ་སྟབས་རྗེས་མར་ད་དུང་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྲོ་གསེང་རོལ་རྩེད་ཀྱི་ལས་རྣམ་མང་དུ་གཏོང་བ། རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མང་ཚོགས་ཀྱིས་ཡུལ་སྐོར་ཐོན་ལས་ལ་བརྟེན་ཏེ་ཁྱིམ་གྱི་སྒོ་འགྲམ་དུ་འབབ་འཕར་བརྟན་པོ་ཡོང་བར་བྱེད་ཀྱི་ཡིན་ཞེས་གསར་འགོད་པར་བཤད།
གཡེར་ཁའི་སྒྲ་སླར་ཡང་གྲགས་པ་དང་བསྟུན་ནས་ཡུལ་སྐོར་བ་ཁ་ཤས་རྟ་བཞོན་ནས་ལོ་ངོ་སྟོང་གི་གནའ་བོའི་ལམ་བུ་དེད་དེ་དལ་བུར་སྐྱོད་བཞིན་འདུག རི་གཤམ་གྱི་གྲོང་ཚོ་དེ་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ལམ་བུ་འདི་བརྒྱུད་ནས་དེ་བས་འབྱོར་ཕྱུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།