དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་2030ལོ་ནས་བཟུང་གྲོང་གསེབ་དར་རྒྱས་ལ་ཞབས་འདེཌ་ཞུ་བའི་མཐོ་སློབ་ཀྱི་སློབ་བསྡུའི་ཆེད་དོན་འཆར་གཞི་ལག་ལེན་བསྟར་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཟླ་11ཚེས་10ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། སློབ་གསོ་པུའུ་དང་། སྤྱི་བདེ་པུའུ། ཞིང་ལས་གྲོང་གསེབ་པུའུ་བཅས་ཀྱིས་བརྡ་ཐོ་བཀྲམ་ནས། 2030ལོའི་མཐོ་སློབ་ཀྱི་སློབ་མ་བསྡུ་བ་ནས་བཟུང་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་མཐོ་སློབ་ཀྱི་སློབ་བསྡུའི་ཆེད་དོན་འཆར་གཞི་ལག་ལེན་བསྟར་རྒྱུའི་བཀོད་སྒྲིག་བྱས་པ་རེད། སྲིད་ཇུས་ལེགས་སྒྲིག་བྱེད་པར་ལོ་གསུམ་གྱི་བར་བརྒལ་དུས་ཚོད་བཟོས་པ་དང་། 2027ལོ་ནས་2029ལོ་བར་གཙོ་གནད་མཐོ་སློབ་ཀྱིས་གྲོང་གསེབ་དང་དབུལ་སྒྲོལ་ས་ཁུལ་ལ་ཕྱོགས་ནས་ལག་ལེན་བསྟར་མུས་ཀྱི་སློབ་བསྡུའི་ཆེད་དོན་འཆར་གཞི་མུ་མཐུད་ལག་ལེན་བསྟར་རྒྱུ་རེད།

    སློབ་གསོ་པུའི་མཐོ་སློབ་སློབ་མ་སིའི་འགན་འཁུར་བས། གྲོང་གསེབ་དར་རྒྱས་ཆེད་དོན་གྱི་རྒྱུགས་སྤྲོད་ཐོ་འགོད་ཆ་རྐྱེན་དེ་སློབ་མའི་གྲོང་གསེབ་ཀྱི་ཐོབ་ཐང་དམིགས་སུ་འཛིན་པ་ནས་རྫོང་གཅིག་ནང་སློབ་མར་འདྲ་མཉམ་གྱི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་རྒྱུ་ཡོད་པའི་བར་བསྒྱུར་ཏེ། སློབ་གསོ་དྲང་གཞག་ལ་སྔར་བས་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།

    སློབ་བསྡུའི་ཐད། གྲོང་གསེབ་དར་རྒྱས་ཆེད་དོན་གྱི་རྣམ་གྲངས་ལ་ལོགས་སུ་འཆར་གཞི་འགོད་པའི་བྱེད་ཐབས་སྤྱད་དེ། འབྲེལ་ཡོད་མཐོ་སློབ་གནས་སའི་དངོས་གཞིའི་ཚན་ཁག་གི་སློབ་བསྡུའི་ཁག་ཐེངས་ནང་བཅུག་ནས་གཅིག་གྱུར་ཐོག་ཡིག་ཚགས་གཏོང་སྤྲོད་ཀྱིས་བསྡུ་ལེན་བྱེད་པ་དང་། “རྩེ་གྲ་གཉིས”འཛུགས་སྐྲུན་གྱི་མཐོ་སློབ་ཀྱི་སློབ་བསྡུའི་སྐར་གྲངས་རྩ་དོན་ཐོག་དམིགས་བསལ་རིགས་ཀྱི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་ལས་མི་དམའ་བ་བྱེད་རྒྱུ་རེད།

    བརྡ་ཐོ་གཞིར་བཟུང་། གྲོང་གསེབ་དར་རྒྱས་ཆེད་དོན་གྱི་རྒྱལ་ཁབ་རིགས་ཀྱི་ལག་བསྟར་ས་ཁོངས་ནི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་དང་། དབུས་ནུབ་ས་ཁུལ་གྱི་ཞིང་ཆེན་རིམ་པའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་། དེ་བཞིན་བོད་དང་ཤིན་ཅང་གི་འབྲེལ་ཡོད་ས་ཁོངས་བཅས་ཡིན་པ་དང་། ས་གནས་རིགས་ཀྱི་ལག་བསྟར་ས་ཁོངས་ནི་འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱིས་གཏན་འཁེལ་བྱེད་རྒྱུ་རེད།

    བརྡ་ཐོའི་ནང་། རྒྱལ་ཁབ་རིགས་ལ་ཀྲུང་དབྱང་སྡེ་ཚན་ཁོངས་གཏོགས་ཀྱི་དངོས་གཞིའི་ཚན་ཁག་གི་མཐོ་སློབ་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁོངས་གཏོགས་ཀྱི་གཞུང་བཙུགས་དངོས་གཞིའི་ཚན་ཁག་གི་མཐོ་སློབ་ཀྱིས་སློབ་མ་བསྡུ་རྒྱུ་དང་། ས་གནས་རིགས་གཙོ་བོ་འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁོངས་གཏོགས་ཀྱི་གཞུང་བཙུགས་མཐོ་སློབ་ཀྱིས་ས་གནས་དེ་གར་དམིགས་ནས་སློབ་མ་བསྡུ་རྒྱུ། ཀྲུང་དབྱང་སྡེ་ཚན་ཁོངས་གཏོགས་ཀྱི་དངོས་གཞིའི་ཚན་ཁག་གི་མཐོ་སློབ་ཀྱིས་དར་རྒྱས་འགྲོ་འགོར་བའི་ས་ཁུལ་དང་སློབ་གསོའི་རྨང་གཞི་ཞན་པའི་ས་ཁུལ་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་ཞིང་ཆེན་ལ་མི་གྲངས་འོས་འཚམ་བཀོད་སྒྲིག་བྱས་ཏེ་སློབ་མ་བསྡུ་ཆོག་པ་བཅས་ཁ་གསལ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།