རྒྱལ་ཡོངས་གཉིས་བཀུར་གཞུང་དོན་ཁང་དང་ཀྲུང་གོ་རྒྱལ་གཅེས་དམག་བཀུར་སྐུལ་སྤེལ་ཨུ་ལྷན་གྱིས་དམར་དམག་གི་འཐབ་འཛིང་པ་རྒན་གྲས་སོགས་ལ་འཚམས་འདྲི་ཞུས་པ།
ཉེ་ཆར། རྒྱལ་ཡོངས་གཉིས་བཀུར་གཞུང་དོན་ཁང་དང་ཀྲུང་གོ་རྒྱལ་གཅེས་དམག་བཀུར་སྐུལ་སྤེལ་ཨུ་ལྷན་ལས་གྲུབ་པའི་འཚམས་འདྲིའི་ཚོགས་ཆུང་5ཡིས་ཧོ་ནན་དང་། ཧུའུ་པེ། ཨན་ཧུའེ། ཧྲའན་ཤིས། ཅང་ཤིས། ཀོང་ཤིས། ཧྥུའུ་ཅན། སི་ཁྲོན་སོགས་སུ་བསྐྱོད་དེ། ཕ་ཡུལ་དུ་ཡོད་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམར་དམག་གི་འཐབ་འཛིང་པ་རྒན་གྲས་དང་དམར་དམག་གི་ཁ་ཐོར་མི་སྣ་35ཡི་ཁྱིམ་དུ་བསྐྱོད་ནས་རྒན་རྒོན་དང་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
ད་རེས་འཚམས་འདྲི་བྱས་པའི་རྒན་རྒོན་ཁྲོད་ནས་འགའ་ཤས་ནི་འཐབ་འཛིང་ཁྲོད་རྨས་སྐྱོན་ཕོག་པ་དང་། འགའ་ཤས་ནི་གསར་བརྗེའི་ལོ་ཟླའི་ཁྲོད་དཔུང་སྡེ་ནས་ཁ་ཐོར་བ། ཡང་འགའ་ཤས་ནི་སྔོན་ཆད་སྨན་བཅོས་སྲོག་སྐྱོབ་དང་། འཕྲིན་གཏོང་། གཡུལ་སའི་རྒྱབ་སྐྱོར་སོགས་ཀྱི་ལས་དོན་གྱི་འགན་འཁུར་ཡོད། ཁོང་ཚོས་གསར་བརྗེའི་བྱ་གཞག་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། འཚམས་འདྲི་ཚོགས་ཆུང་ས་ཆ་གང་དུ་སླེབས་རིམ་བཞིན་རྒན་རྒོན་དང་དེའི་ནང་མིར་ངོ་ཐུག་གདོང་འཕྲད་ཀྱིས་གླེང་མོལ་བྱས་ནས་ཁོང་ཚོའི་འཚོ་བའི་གནས་ཚུལ་སྐོར་སྐད་ཆ་འདྲི་བ་དང་དཀའ་ངལ་དངོས་ཤེས་རྟོགས་བྱས་ཏེ་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱ་རྒྱུ་དེ་འཚམས་འདྲི་བྱེད་རིང་གི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཡོད།
“བརྒྱུད་མྱོང་བའི་ལམ་བུ་བློ་ལ་ངེས་ནས་གུས་བཀུར་དང་གཅེས་སྐྱོང་དེ་རྒྱུན་གཏན་གྱི་འཚོ་བའི་ནང་དོན་འཁྱོལ་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས”ཞེས་འཚམས་འདྲི་ཚོགས་ཆུང་གི་ཁོངས་མི་ཞིག་གིས་དེ་ལྟར་བཤད།
འབྲེལ་ཡོད་གསར་འགྱུར།