དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་གི་དཔལ་འབྱོར་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་དེ་བས་མང་བ་བསྣན་པ།

    —— ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པ་མཇུག་འགྲིལ་མཚམས་སུ་བྲིས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས།   |     སྤེལ་དུས།  2026-11-13

    ཟླ་11ཚེས་10ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པ་ཧྲང་ཧའེ་རུ་མཇུག་འགྲིལ་བ་རེད། སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ལ་ཚོང་འགྲིག་ཚད་མཐོ་བ་དང་། ལོ་གཅིག་གི་འདོད་འདུན་ལྟར་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར་854.5ཟིན་པ་དེ་སྐབས་གོང་མ་ལས་2.3%འཕར་བ། འཛམ་གླིང་གི་ཁེ་ལས་རྩེ་གྲ་500དང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་300ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་པ། གོ་ལ་ཧྲིལ་པོར་འགྲེམས་ཐེངས་ཐོག་མ་དང་། ཨེ་ཤེ་ཡར་འགྲེམས་ཐེངས་ཐོག་མ། ཀྲུང་གོར་འགྲེམས་ཐེངས་ཐོག་མ་ཡིན་པའི་མཚོན་བྱེད་རང་བཞིན་གྱི་འགྲེམས་རྫས་ཁག་485ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    “ཀྲུང་གོའི་གོ་སྐབས་2.0”ལས་ཁྲོམ་རའི་ཕན་པ་ཐོབ་རྒྱུ་མ་ཟད། གསར་གཏོད་ཀྱི་ཕན་པའང་ཐོབ་རྒྱུ་རེད། ནང་འདྲེན་འགྲེམས་ཚོགས་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ལེགས་སུ་འགྲོ་བ་དེ་ཐོག་ནས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས། གཉིས་ཁེ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་རྒྱུན་མཐུད་བཏང་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་ལུགས་འཛམ་གླིང་ཡོངས་ལ་གསལ་པོར་བསྟན་ཡོད།

    ཁྲོམ་ར་མཉམ་སྤྱོད་མཐའ་འཁྱོངས་བྱས་ནས་མཉམ་དུ་ཁེ་ཕན་ཆེན་པོ་བཏོད་པ།

    གོ་ལ་ཧྲིལ་པོའི་ནང་འདྲེན་ཁྲོམ་ར་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོས་རང་འགུལ་ངང་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བའི་སྒོ་དབྱེའི་བྱ་ཐབས་ལ་བརྟེན་ནས་འཛམ་གླིང་ལ་དགོས་མཁོ་དང་། གོ་སྐབས། གོང་འཕེལ་གྱི་བར་མཐོངས་བཅས་མཁོ་འདོན་བྱས་ཡོད།

    འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་44.81ཟིན་པ་དེ་དུས་མཚུངས་ལས་20%འཕར་བ་དང་། ཀྲུང་གོའི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རས་འཛམ་གླིང་རྒྱལ་ཁབ་ཁག་ལ“ཀྲུང་གོའི་གོ་སྐབས”མཁོ་འདོན་རྒྱུན་མཐུད་བྱས་ཡོད།

    ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པོས་འགྲེམས་ཚོགས་སྐབས་དགུ་ཚང་མར་ཞུགས་མཁན་པའེ་ཨར་གྱི་གསར་གཏོད་སྨན་རྫས་སྣ་ཁ་མང་པོ་ཞིག་ཀྲུང་གོར་དར་ནས་འཕེལ་རྒྱས་བྱུང་བའི་དཔང་པོ་བྱས་ཤིང་། སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ཐོག་པའེ་ཨར་སྨན་ཐོའི་སྨན་རྫས་ནང་གསར་གཏོད་ཐོན་རྫས་དང་དེ་བཞིན་ནད་འཁེལ་སྨན་རིགས་གསར་པ་8ཐོག་མར་འགྲེམས་སྟོན་བྱས་ཡོད། “ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་ཁྲོམ་ར་གལ་ཆེན་ཞིག་ཡིན་ལ་གོ་ལ་ཧྲིལ་པོའི་གསར་གཏོད་ནང་ཞུགས་མཁན་གལ་ཆེན་ཞིག་ཀྱང་ཡིན། པའེ་ཨར་གྱི་ངོས་ནས་བརྗོད་ན། ཀྲུང་གོའི་ཁྲོམ་རའི་གལ་ཆེའི་རང་བཞིན་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད”ཅེས་པའེ་ཨར་ཚོགས་པའི་སྨན་ཐོའི་སྨན་རྫས་བྱ་གཞག་པུའི་འབྲེལ་ཡོད་འགན་འཁུར་བ་ཀྲོའུ་ཞའོ་ལན་གྱིས་བརྗོད།

    ཀྲུང་གོ་འབྲུ་རིགས་ཚོགས་པའི་ཏུང་ཧྲི་ཀྲང་ལི་གོ་ཆང་གིས“ཀྲུང་གོ་འབྲུ་རིགས་ཚོགས་པས་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སྐྱོད་པ་དང་བློས་འགེལ་ཆོག་པའི་ཞིང་ལས་འབྲུ་རིགས་ཁེ་ལས་མགྱོགས་མྱུར་གཏོད་བཞིན་ཡོད་ལ། གོ་ལ་ཧྲིལ་པོའི་མཉམ་ལས་རོགས་ཟླ་དང་མཉམ་དུ་ཚོང་དོན་མཉམ་ལས་དེ་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོར་མཐུན་སྦྱོར་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་འབྲུ་རིགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། འཛམ་གླིང་གི་ཞིང་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་སྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་འདོད་ཡོད”ཅེས་བརྗོད།

    གོ་ལ་ཧྲིལ་པོའི་མཉམ་ལས་ཟབ་ཏུ་བཏང་ནས་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་བཏང་བ།

    ཐོན་རྫས་ཉོ་ཚོང་ནས་ཐོན་སྐྱེད་བརྒྱུད་རིམ་འཛུགས་པའི་བར་དང་། དེ་ནས་ཞིབ་འཇུག་གསར་སྤེལ་ལྟེ་གནས་འཛུགས་པའི་བར། ཀྲུང་ཕྱིའི་ཁེ་ལས་ཀྱིས་མཉམ་དུ་ཞིབ་འཇུག་གསར་སྤེལ་དང་། ཐོན་ལས་མཉམ་སྐྲུན། ཁོར་ཡུག་མཉམ་གཏོད་སོགས་འཁོར་འབྲེལ་ཧྲིལ་པོའི་མཉམ་ལས་སྣུར་སྲིང་བྱས་ཡོད། ཀྲུང་ཕྱིའི་མཉམ་ལས་ཀྱིས་སྒོ་དབྱེ་རྒྱུན་འཁོར་དང་གཉིས་ཁེ་གཉིས་ཕན་ཁྲོད་འཛམ་གླིང་གི་དཔལ་འབྱོར་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།

    ཀྲུང་གོའི་ཆ་ཚང་བའི་ཐོན་ལས་མ་ལག་དང་། ཕུན་སུམ་ཚོགས་པའི་ཤེས་ལྡན་པའི་ཐོན་ཁུངས་ཀྱི་ལེགས་ཆ། སྒོ་དབྱེའི་གསར་གཏོད་ཁོར་ཡུག་བཅས་ལས་ཕྱི་རྒྱལ་གྱི་ཁེ་ལས་ཀྲུང་གོར་འཕེལ་རྒྱས་ཡོང་བར་བརྟན་ཞིང་སྔོན་དཔག་ཐུབ་པའི་ཁོར་ཡུག་བཏོད་ཡོད།

    ནང་འདྲེན་འགྲེམས་ཚོགས་སྐབས་ཚང་མར་མེ་སའེ་ཏེ་སི—པེན་ཁྲེ་ཡིས་ཚན་རྩལ་གྱི་གྲུབ་འབྲས་གསར་ཤོས་བསྟན་པ་དང་། ད་ལོར། མེ་སའེ་ཏེ་སི—པེན་ཁྲེ་ཡིས་རིག་ནུས་ཕྱིར་སྐྱོད་ཁྲོད་ཀྱི་མི་ཐབས་རིག་ནུས་ཀྱི་ཉེར་སྤྱོད་གྲུབ་འབྲས་ཕྱོགས་ཡོངས་ནས་བསྟན་ཡོད། མེ་སའེ་ཏེ་སི—པེན་ཁྲེ་ཚོགས་པའི་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་དུང་ཨོའུ་ཧྥུའུ་ཡིས། འདས་ཟིན་པའི་ལོ་ལྔའི་རིང་ཚོགས་པས་ཀྲུང་གོར་ཡོད་པའི་ཚོགས་པའི་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་སྒོར་དུང་ཕྱུར་100ལྷག་ཙམ་བཏང་ཡོད། “སླད་ཕྱིན་ཁེ་ལས་ཀྱིས་མུ་མཐུད་རང་ཡུལ་ཅན་གྱི་རིམ་སྤོར་བྱེད་མགྱོགས་སུ་བཏང་སྟེ་ཀྲུང་གོའི་ཁེ་ལས་དང་མཉམ་ལས་གཏིང་ཟབ་བྱས་ནས། དེ་བས་ལེགས་པའི་ཐོན་རྫས་ལ་བརྟེན་ཏེ་འཛད་སྤྱོད་པ་དེ་བས་མང་བར་ཞབས་འདེགས་ཞུ་གི་ཡིན”ཞེས་བརྗོད།

    ཀྲུང་གོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་མཉམ་འདྲེས་གཏིང་ཟབ་བྱས་ནས་ཀྲུང་གོའི་ཐོན་ལས་འཁོར་འབྲེལ་འཛུགས་པ་དང་། གསབ་པ། སྟོབས་ཆེར་གཏོང་བ་བཅས་ལ་རམ་འདེགས་བྱས་ཏེ་ཕྱི་རྒྱལ་གྱི་ཁེ་ལས་ཀྲུང་གོའི་ཐོན་ལས་རིམ་སྤོར་ནང་ཞུགས་རིང་ཐུན་མོང་འཕེལ་རྒྱས་ཡོང་བར་བྱས་ཡོད།

    གསར་གཏོད་ཀྱི་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་བཏང་ནས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ།

    ཀྲུང་གོའི་གསར་གཏོད་ཀྱི་ཁོར་ཡུག་ནང་ཞུགས་ནས་གསར་གཏོད་ཀྱི་གྲུབ་འབྲས་འཛམ་གླིང་ལ་ཁྱབ་གདལ་གཏོང་བ་དང་། རྒྱལ་སྒྲོལ་ཀུང་སིས་ཀྲུང་གོར་ལག་ལེན་གསར་གཏོད་བྱས་ཏེ་གོ་ལ་ཧྲིལ་པོའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྒུལ་ནུས་གསར་པ་བསྣན་ཡོད།

    ལག་རྩལ་གསར་ཤོས་ཤིག་ཡག་པོ་བྱུང་མིན་དེ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་རྣམ་པ་མང་པོའི་ཁྲོད་ཞིབ་དཔྱད་ར་སྤྲོད་ཐེངས་མང་ཐུབ་ཡོད་མེད་ལ་རག་ལས་ཡོད། ཀྲུང་གོའི་ཆ་ཚང་བའི་ཐོན་ལས་མ་ལག་དང་ཤིན་ཏུ་མང་བའི་བཀོལ་སྤྱོད་རྣམ་པ་ནི་གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་ཐོན་ཁུངས་རྩ་ཆེ་ཤོས་ཤིག་རེད།

    “ཀྲུང་གོར་བཟོས་པ”ནས“ཀྲུང་གོར་གསར་གཏོད་བྱས་པའི”བར། རྒྱལ་སྒྲོལ་ཀུང་སི་ཀྲུང་གོའི་གསར་གཏོད་ཁོར་ཡུག་ཁྲོད་མཉམ་འདྲེས་གཏིང་ཟབ་བྱུང་ཡོད། སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ཐོག་ཡཱ་ཧྲི་ལན་ཏའེ་ཚོགས་པས་ཨ་ལི་སྤྲིན་རྩིས་རིག་ནུས་ཚོགས་པ་དང་འཐབ་ཇུས་མཉམ་ལས་ཀྱི་དྲན་ཐོ་བཞག་ནས་ཕྱོགས་གཉིས་པོའི་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ཡོད། “ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་གསོན་ཤུགས་ཆེ་ཤོས་དང་ལག་རྩལ་ཆ་ཚང་ཤོས་ཀྱི་མཛེས་བཟོའི་ཁྲོམ་རའི་གྲས་ཤིག་ཏུ་གྱུར་ཡོད”ཅེས་ཡཱ་ཧྲི་ལན་ཏའེ་ཚོགས་པའི་ཙུང་ཚའེ་དང་དབུ་ཞུགས་ལག་བསྟར་དཔོན་གཅིག་ལྕོགས་སི་ཐའེ་ཧྥུང་གིས་བརྗོད།

    “ཀྲུང་གོར་འཚམ་པ”ནས“གོ་ལ་ཧྲིལ་པོར་ཞབས་འདེགས་ཞུ་བའི”བར། ལོ་9བསྟུད་མར་འགྲེམས་སྟོན་ནང་ཞུགས་པའི་ཏ་ཀྲུང་རླངས་འཁོར་ཚོགས་པས“ཀྲུང་གོར་ཞིབ་སྤེལ་དང་གོ་ལ་ཧྲིལ་པོར་ཕན་པ་ཐོབ་པའི”འཕེལ་རྒྱས་འཐབ་ཇུས་གསར་རྐྱང་ནང་འདྲེན་འགྲེམས་ཚོགས་ལ་ཐོག་མར་བཏོན་ཡོད། ཀྲུང་གོའི་གསོན་ཤུགས་ཀྱིས་ཁེངས་པའི་གསར་གཏོད་ཀྱི་ཁོར་ཡུག་དང་ནུས་ཆེའི་གསར་སྤེལ་མ་ལག་ལ་བརྟེན་ནས་ཀྲུང་གོར་གསར་སྤེལ་བྱས་པའི་གློག་སྒུལ་ཅན་དང་རིག་ནུས་ཅན་གྱི་ལག་རྩལ་དེ་བས་རྒྱ་ཆེ་བའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཁྲོམ་རར་དར་སྤེལ་ཐུབ་ནས་ཀྲུང་གོ་འདི་ཉིད་ཏ་ཀྲུང་གི་གོ་ལ་ཧྲིལ་པོའི་ལས་སྒོའི་གསར་གཏོད་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།