དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཐུར་ཁེའི་ལྗང་མདོག་འཕེལ་རྒྱས་ཚོང་དོན་གླེང་སྟེགས་དབྱི་སི་ཐན་པུར་དུ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-13

     ཚེས་9ཉིན། ཀྲུང་གོ་དང་ཐུར་ཁེའི་ལྗང་མདོག་འཕེལ་རྒྱས་ཚོང་དོན་གླེང་སྟེགས་ཐུར་ཁེའི་གྲོང་ཁྱེར་དབྱི་སི་ཐན་པུར་དུ་གཉེར་བ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་དང་ཐུར་ཁེའི་ཕྱི་ཕྱོགས་དཔལ་འབྱོར་འབྲེལ་བའི་ཨུ་ལྷན་གྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། ཀྲུང་གོ་དང་ཐུར་ཁེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་ཚོང་པའི་ལས་རིགས་ཀྱི་འཐུས་མི་300ཙམ་ཞུགས་ཡོད་པ་རེད།

    ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་རེན་ཧུང་པིན་གྱིས། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་གོ་དང་ཐུར་ཁེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཐད་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ལྗང་མདོག་འཕེལ་རྒྱས་ནི་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ཁ་ཕྱོགས་ཀྱི་གྲས་ཤིག་ཡིན་པ་དང་ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་པོའི་བཟོ་ཚོང་ལས་རིགས་ཀྱིས་གོ་སྐབས་དམ་འཛིན་དང་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུར་རམ་འདེགས་བྱས་ཏེ། ལྗང་མདོག་ཁྱབ་ཁོངས་སུ་རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད་ཅེས་བརྗོད།

    ཐུར་ཁེའི་ཙུང་ཐུང་གཞོན་པ་ཡེར་མ་ཙིས་ཤིས་ཚིག་སྒྲོན་སྐབས། ད་ལོ་ནི་ཀྲུང་གོ་དང་ཐུར་ཁེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བའི་ལོ་ཡིན་པས། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འབྲེལ་བ་དེ་བས་དོ་སྙོམས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཐུར་ཁེ་ཕྱོགས་ཀྱིས་ལྗང་མདོག་ཕྱོགས་སྒྱུར་དེ་འཕེལ་རྒྱས་སྲིད་ཇུས་ཀྱི་གཞི་རྩའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ལ་བརྩིས་ནས་ཀྲུང་གོའི་ཁེ་ལས་དེ་བས་མང་བས་ཐུར་ཁེ་ལ་མ་འཇོག་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་དང་། “བར་ཁྱམས”ཀྱི་འཆར་གཞི་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐུར་ཁེ་དང་ཀྲུང་གོ་དང་དེ་བཞིན་ས་ཁོངས་ཕན་ཚུན་སྦྲེལ་མཐུད་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་འདོད་ཡོད་ཅེས་བརྗོད།

    ཆེད་དོན་བགྲོ་གླེང་གི་ལྷུ་ཚིགས་ནང་ཀྲུང་གོ་དང་ཐུར་ཁེའི་སྲིད་གཞུང་དང་ཚོང་པའི་ལས་རིགས་ཀྱི་འཐུས་མིས་ལྗང་མདོག་ནུས་རྒྱུ་དང་ཐཱན་ཉུང་ཐོན་ལས་འཁོར་འབྲེལ། “བར་ཁྱམས”དང་ལྟེ་བའི་དཔལ་འབྱོར་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད། གླེང་སྟེགས་གཉེར་རིང་ད་དུང་ལས་རིགས་དབྱེ་བའི་ཚོང་དོན་སྦྲེལ་མཐུད་ཀྱི་ངོ་འཕྲད་གྲོས་མོལ་བྱས་ནས། རྒྱལ་ཁབ་གཉིས་པོའི་ཁེ་ལས་ལ་དངོས་སྒྲུབ་མཉམ་ལས་ཀྱི་ལས་སྟེགས་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།