ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་དང་ལུའུ་ཏིང་ལྕགས་ཟམ་འགྲམ་དུ་ལུས་རྩལ་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལྷུག་པོར་གླེང་བ།
ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་ལ་བསྟོད་གླུ་འབུལ་བའི་སི་ཁྲོན་དཀར་མཛེས་ས་ཚིགས་ཀྱི་འབྲེལ་ཡོད་བྱེད་སྒོ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལྕགས་ཟམ་ཁ་རྫོང་དུ་སྤེལ་ཞིང་། ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་འགའ་ཞིག་གིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་དང་ལུའུ་ཏིང་ལྕགས་ཟམ་འགྲམ་དུ་ལུས་རྩལ་པའི་མཐོང་ཚོར་ནས་ཁོང་ཚོས་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་གོ་བ་ལེན་སྟངས་མཉམ་སྤྱོད་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བ་དང་ཏག་ཏག་འཁེལ་བས། ཨོ་རྩལ་འགྲན་ཚོགས་སྐབས་ཨང་དང་པོ་ཐོབ་མཁན་ཙོའུ་ཅིང་ཡོན་དང་། ཅ་དབྱི་ཧྥན། ལི་གཡོད་ཧུང་། ཏེང་ཡ་ཝུན་བཅས་དང་དེ་བཞིན་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་ཨང་དང་པོ་ཐོབ་མཁན་ཏེང་ཀྲི་ཝུའེ་གདན་ཞུས་ལྟར་ལྕགས་ཟམ་ཁར་ཡོང་ནས། དམར་དམག་རྒྱང་སྐྱོད་ལམ་གྱི་མཚོན་རྟགས་རང་བཞིན་ཆེན་པོ་ལྡན་པའི་ལུའུ་ཏིང་ལྕགས་ཟམ་སྟེང་བསྐྱོད་པ་རེད།
བྱེད་སྒོ་འགོ་ཚུགས་མ་ཐག ས་གནས་དེ་གའི་གཞོན་ནུ་ལོ་ཆུང་ལྔ་ཡིས་ལུས་རྩལ་པ་ཚོར་དམིགས་བསལ་གྱི“མེ་ཏོག”ཆུན་པོ་ཞིག་ཕུལ་ཞིང་། མེ་ཏོག་དེ་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ལུང་གཞུང་གི་ཀུ་ཤུའི་སྡོང་པོའི་ཡལ་ག་དང་། གཡེར་མ། ནས་ཀྱི་སྙེ་མ་སོགས་ཞིང་ལས་ཐོན་རྫས་དང་རྩི་ཤིང་ལས་བཟོས་པའི་དམིགས་བསལ་ཁྱད་ཆོས་ལྡན་པའི་མེ་ཏོག་ཅིག་རེད། དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཡཱ་ལི་ཡིས། མེ་ཏོག་དེར་མཚོན་དོན་གསུམ་ཡོད་པ་སྟེ། གཅིག་ནི“ས་ཞིང་གི་བྱས་རྗེས་གཟེངས་རྟགས”དང་། གཉིས་ནི་ལོ་ལེགས་ཀྱིས་སྔར་སོང་གི་འབད་འཐབ་ལ་གུས་འདུད་ཞུ་བ། གསུམ་ནི་ལུས་རྩལ་གྱི་སྙིང་སྟོབས་ཡངས་པའི་ས་གཞིར་གཞི་ཚུགས་པ་བཅས་རེད་ཅེས་ངོ་སྤྲོད་བྱས།
“ཆུང་དུས་ཀློག་དེབ་ནས་དམར་དམག་གིས‘ལུའུ་ཏིང་ལྕགས་ཟམ་མྱུར་དུ་བླངས་པའི’སྐོར་སློབ་སྦྱོང་བྱེད་མྱོང་ཡོད། དེ་རིང་གཞི་ནས་ས་ཆ་དེར་དངོས་སུ་འབྱོར་བྱུང་ལ་སྐབས་དེའི་ལྕགས་ཐག་གི་ཡམ་ཡོམ་དྲག་པོའང་སྔར་བཞིན་ཚོར་གྱི་འདུག སྐབས་དེ་དུས་དམར་དམག་ཚོས་ཟམ་པ་འདིའི་སྟེང་གོག་བགྲོད་ཀྱིས་དམག་འཐབ་བྱེད་དགོས་བྱུང་ཡོད་ལ། ད་དུང་པང་ལེབ་ཀྱང་འདིང་དགོས་པས་ཅི་འདྲའི་དཔའ་ངར་ཆེ་ལ་དཀའ་ཚེགས་ཆེ་བ་ཞིག་རེད་ཨང”ཞེས་ལུའུ་ཏིང་ལྕགས་ཟམ་ནས་བབས་རྗེས་སྐབས་གཉིས་བསྟུད་མར་ཨོ་རྩལ་འགྲན་ཚོགས་ཀྱི་ཆ་གདང་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་ཙོའུ་ཅིང་ཡོན་གྱིས་མྱོང་ཚོར་ཟབ་མོས་དེ་ལྟར་བཤད་པ་དང་། ཁོང་གིས“དོན་དངོས་ཐོག་ང་ཚོའི་ལུས་རྩལ་རྣམ་གྲངས་ཀྱང་ལུས་རྩལ་ཁྱབ་ཁོངས་ཀྱི་རྒྱང་སྐྱོད་ཅིག་ཡིན་ཞིང་། མི་རབས་ནས་མི་རབས་བར་གྱི་རྒན་རབས་པ་ཚོས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་སྔོན་ཐོན་གྱི་ལག་རྩལ་དང་ཚན་རིག་དང་མཐུན་པའི་སྦྱོང་བརྡར་རྒྱུན་ཆད་མེད་པར་ང་ཚོར་བརྒྱུད་སྤྲོད་བྱས་པས། ད་གཟོད་ང་ཚོའི་ཀྲུང་གོའི་ལུས་སྦྱོང་རུ་ཁག་འདི་བྱུང་བ་རེད། འགྲན་ར་གང་འདྲ་ཞིག་ཏུ་སླེབས་རུང་ང་ཚོར་མཐོང་ཆུང་བྱེད་ཕོད་མཁན་གཅིག་ཀྱང་མེད”ཅེས་བརྗོད།
ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་སྒྲོའི་སྤོ་ལོའི་བུད་མེད་ཆ་རྒྱག་འགྲན་བསྡུར་སྐབས་ཨང་དང་པོ་ཐོབ་མཁན་ཅ་དབྱི་ཧྥན་གྱིས“དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལས་སོ་སོ་རང་ཉིད་བསམ་བློར་འཁོར་བྱུང་། འགྲན་བསྡུར་བྱེད་ཐེངས་རེ་རེ་དང་འགྲན་ཡ་ཚང་མས་རང་ཉིད་ཀྱི་ལུས་ཁམས་དང་སྙིང་སྟོབས་ལ་ཚོད་བགམ་བྱེད་ཀྱི་ཡོད། ངའི་བསམ་པར་དམག་ལ་རྒྱལ་ཁ་ཐོབ་པ་དང་ང་ཚོ་འགྲན་བསྡུར་ལས་རྣམ་པར་རྒྱལ་བ་གཉིས་ཀྱི་ཚོར་སྣང་དེ་གཅིག་པ་རེད་སྙམ་གྱི་འདུག ངས་ཀྱང་དམར་དམག་གི་འཐབ་འཛིང་པ་གཡུལ་སར་བསྐྱོད་པ་བཞིན་འགྲན་རར་ལངས་ཏེ། ལས་འགན་སྒྲུབ་སེམས་དང་མཉམ་སྡེབ་ཀྱི་གཟི་བརྗིད་ལྡན་པའི་བསམ་པ་སེམས་སུ་བརྟན་པོར་འཆང་ནས་ནམ་ཡང་བློས་གཏོང་བྱེད་ཀྱི་མིན”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།