ཇ་མངར་མོ་ཇ་དམ་གང་གིས་སེམས་ཀྱི་བར་ཐག་ཉེ་རུ་བཏང་བ།
—— ལྷ་ས་གྲོང་ཁྱེར་ནོར་སྟོད་སྡེ་ཁུལ་གྱི་གཞི་རིམ་བཅོས་སྐྱོང་བྱེད་ཐབས་སྐོར་བཀོད་པ།
ཞོགས་པའི་ཉི་འོད་ཁྲོམ་གཞུང་འགྲམ་གྱི་ཇ་ཁང་དུ་འཕྲོ་སྐབས། ཧ་ཡང་ནང་དུ་ཇ་མངར་མོ་ལྷོག་ལྷོག་འཁོལ་བ་དང་བོད་ཐུག་གི་དྲི་ཞིམ་ཡང་འཐུལ་ཡོང་། གྲོང་མི་བཅུ་ལྷག་ཙམ་གྱིས་ཇ་ཚ་པོ་ཕོར་པ་གང་རེ་བཟུང་ནས་རང་ཁྱིམ་སྒོ་འགྲམ་གྱི་དོན་དག་སྐོར་ཅི་འཕྲོས་མོལ་འཕྲོས་བྱེད་ཀྱིན་འདུག ནོར་སྟོད་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་ཕུན་ཚོགས་དབང་འདུས་ཀྱིས་སྐབས་འགར་ཁོ་ཚོའི་སྐད་ཆར་ཉན་པ་དང་སྐབས་འགར་ལན་སློག་ཅིང་། ཇ་ཡི་དྲི་ཞིམ་དང་མཉམ་དུ་མཚམས་རེར་དགོད་སྒྲའང་གྲགས་ཡོང་བཞིན་མཆིས།
གཟའ་ལྷག་པའི་སྔ་དྲོར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་གི་ནོར་སྟོད་སྡེ་ཁུལ་གྱི་ཇ་ཁང་དུ་དུས་ཐོག་ཏུ་གཞུང་དོན་སྒྲུབ་ཀྱི་ཡོད་པ་སྟེ། དེ་གར་གཞུང་ལས་ཁང་མེད་ལ་ཨང་ཀི་འབོད་པའི་འཕྲུལ་ཆས་ཀྱང་མེད། ཡོད་པ་ནི་ཇ་མངར་མོ་ཇ་དམ་གང་དང་གྲོང་མི་ཚོའི་སེམས་གཏིང་གི་སྐད་ཆ་རེད།
སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ། ཕུན་ཚོགས་དབང་འདུས་འཆར་ཅན་ལྟར་ཇ་ཁང་དུ་འཛུལ་བ་དང་དེ་ནི་ཉིན་དེའི་ཁོང་གི་གཞུང་དོན་སྒྲུབ་ས་རེད། ཟིན་བྲིས་འགོད་མཁན་གྱིས་ཟུར་དུ་ཟིན་བྲིས་ནན་ཏན་ངང་འགོད་པ་དང་། ཕུན་ཚོགས་དབང་འདུས་ཀྱིས་སྔོན་ལ་ཁུ་སིམ་མེར་ཚང་མའི་སྐད་ཆར་ཉན་རྗེས་རེ་རེ་བཞིན་ལན་འདེབས་ཀྱི་ཡོད། ལམ་སེང་ལན་འདེབས་ཐུབ་ན་ཁོང་གིས་འཕྲལ་དུ་འགྲེལ་བཤད་གསལ་པོ་རྒྱག་པ་དང་། མཐུན་སྦྱོར་ཐག་གཅོད་བྱེད་དགོས་ཚེ་སྡེ་ཁུལ་གྱི་ལས་དོན་པར་ཟིན་ཐོར་འགོད་དུ་བཅུག་ནས་དུས་བཀག་ལྟར་བརྡ་ལན་སློག་རྒྱུའི་ཁས་ལེན་གྱི་ཡོད།
ཇ་མངར་མོའི་དྲི་ཞིམ་འཐུལ་བ་དང་། ཁོར་ཡུག་ཧྲིལ་པོ་ནི་རང་ཁྱིམ་གྱི་མགྲོན་ཁང་དུ་སླེབས་པ་བཞིན་བག་ཕེབས་པ་ཞིག་ཡོད། ཡུལ་མི་བཅུ་ཕྲག་ལྷག་ཙམ་མཉམ་དུ་འཛོམས་ཤིང་། མི་མང་པོ་ཡོད་ཀྱང་གོ་རིམ་ཡོད་ལ་ཚང་མར་ཞུ་དགོས་པའི་གནས་ཚུལ་ཡོད་པ་དང་བཤད་འདོད་པའི་སྐད་ཆ་ཡོད། “སྡེ་ཁུལ་ནང་གི་དོན་དག་མང་པོ་ཞིག་ཇ་ཁང་ནང་ཁ་བརྡ་གློད་ཞོར་དུ་ཤོད་པ་དང་དེ་ག་ནས་ཐག་ཀྱང་གཅོད་ཀྱི་ཡོད”ཅེས་ཕུན་ཚོགས་དབང་འདུས་ཀྱིས་བཤད། གཟའ་ལྷག་པར་འཚོ་བའི་ཉམས་སྣང་གིས་ཁེངས་པའི“ཇ་ཁང་གི་གྲོས་བསྡུར”དེ་རིགས་2023ལོ་ནས་ད་བར་རྒྱུན་འཁྱོངས་ཐུབ་ཡོད། ཇ་མངར་མོ་ཇ་དམ་གང་གིས་སེམས་ཀྱི་བར་ཐག་ཉེ་རུ་ཕྱིན་པ་མ་ཟད། གཞི་རིམ་གྱི་བཅོས་སྐྱོང་ལ་དྲོ་སྐྱིད་ཀྱིས་ཁེངས་ཡོད།
གྲོང་མི་གློག་བརྙན་ལྟ་བར་སྐད་བཏང་ནས་གྲོང་མིའི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་། ཉི་འོད་སྒྲིབ་པའི་ཤིང་སྡོང་གི་ཡལ་ག་གཅོད་པ་ནི་རྒན་རྒོན་རྣམས་ཁྱིམ་གྱི་སྒོ་འགྲམ་དུ་ཉི་མ་སྲོ་ཐུབ་པའི་ཆེད་དུ་ཡིན། སོ་ཕག་ལེབ་མོ་གཅིག་བརྟན་པོ་མེད་ནའང་སྡེ་ཁུལ་གྱི་ལས་དོན་པས་དོ་ཁུར་བྱེད་ཀྱི་ཡོད། ཇ་ཁང་ནང་དུ་དོན་དག་ཆེན་པོ་གང་ཡང་མེད་པ་དང་ཡོད་པ་ནི་དོན་དག་ཆུང་ཙག་ཙམ་རེད། འོན་ཀྱང་དོན་དག་ཆུང་ཙག་དེ་དག་ཚང་མ་སྡེ་ཁུལ་གྱི་མང་ཚོགས་ཡོངས་ཀྱི་འཚོ་བ་དང་འབྲེལ་བ་ཡོད།
ཇ་འཐུང་ཞོར་དུ་གྲོས་མོལ་བྱེད་པའི་ཇ་ཁང་དེ་འདྲ་ནོར་སྟོད་སྡེ་ཁུལ་དུ་ཁྱོན་བསྡོམས་བཞི་ཙམ་ཡོད། ཚང་མས། ཧྲུའུ་ཅི་དང་པོ་སླེབས་ནས་ལོ་གསུམ་སོང་རིང་སྡེ་ཁུལ་སྔར་བས་ཉམས་དགའ་བར་གྱུར་ཞིང་། གློག་སྐུད་ཟང་ཟིང་མཐོང་རྒྱུ་མེད་ལ་རྩི་ཤིང་མང་དུ་སོང་ཡོད། འགྱུར་ལྡོག་འདི་དག་མི་སེར་ཚང་མས་མིག་མཐོང་ལག་ཟིན་བྱུང་ཡོད་ཅེས་བརྗོད་པ་རེད།
ཇ་ཕོར་འཇོག་སའི་ཅོག་ཙེ་གྲོས་བསྡུར་བྱེད་སའི་སྟེགས་བུར་གྱུར། ཅི་འཕྲོས་མོལ་འཕྲོས་འབྲེལ་ཟམ་ལྟ་བུར་གྱུར། སྲོལ་རྒྱུན་གྱི་གྲོས་བསྡུར་བྱེད་སྟངས་ཕྱི་ཚུལ་ཙམ་དུ་གྱུར་པ་དང་མང་ཚོགས་ཀྱི་རེ་འདུན་བརྒྱུད་སྤྲོད་ཡག་པོ་མི་ཐུབ་པ་སོགས་ཀྱི་དཀའ་གནད་ནུས་ལྡན་བསལ་བ་མ་ཟད། མང་ཚོགས་དང་འབྲེལ་འདྲིས་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་སྡེ་ཁུལ་གྱི་བཅོས་སྐྱོང་ལམ་བུ་ཞིག་ཀྱང་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།