དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྟེང་ཆེན་དུ་རྒན་གསོའི་ཞབས་ཞུས་བགྲེས་སོང་ལ་ཕན་བདེ་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-13

    འདི་ནི་སྟེང་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་སྒོ་རའི་ནང་རྒན་རྒོན་ཚོ་ཉི་མ་སྲོ་བཞིན་པ།

    འདི་ནི་སྟེང་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་རྒན་རྒོན་ཚོས་ཁ་བརྡ་གློད་བཞིན་པ།

    འདི་ནི་རྒན་རྒོན་ཚོས་སྒྲོམ་སྟེགས་སྤོ་ལོ་བརྒྱབ་ནས་ལུས་སྦྱོང་བྱེད་བཞིན་པ།

    འདི་ནི་སྟེང་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པས་གསོ་རླུང་ཁང་དུ་རྒན་རྒོན་ལ་གསོ་རླུང་རྔུབ་ཏུ་འཇུག་པ།

    ཉིན་དགུང་མཚམས་སུ་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་དྲོད་འཇམ་ཉི་འོད་སྒོ་རའི་ནང་ཡོངས་སུ་འཕྲོས་འདུག

    རྒན་རྒོན་ཚོས་གྱོན་གོས་གཙང་མ་གྱོན་ནས་བར་ཁྱམས་ཀྱི་རྐུབ་སྟེགས་ཐོག་བསྡད་དེ་ཉི་མ་སྲོ་བཞིན་ཁ་བརྡ་གློད་ཀྱིན་སྐྱིད་པའི་དགོད་སྒྲ་ལྷང་ལྷང་དུ་གྲགས།

    2015ལོར་སྤྱོད་འགོ་ཚུགས་པའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ནི་སྔ་ས་ནས་རྒན་གསོ་ཁང་ཙམ་མིན་པར་སྨི་ངོས་གྲུ་ཁྲི་ལྷག་ཙམ་ཟིན་པའི་སྒོ་ར་དེའི་ནང་རྒན་རྒོན་ཚོ་བདེ་སྐྱིད་འཚོ་བར་རོལ་བཞིན་ཡོད།

    དེ་གར་ལུམས་བཅོས་ཁང་དང་། སྨན་བསང་བདུག་ཁང་། ནད་གསོ་ཁང་། སྐྲ་བཞར་ཁང་། འཚེམ་བཟོ་ཁང་། གློག་བརྙན་ཁང་། ལག་ཤེས་ཁང་སོགས་ཀྱི་བྱེད་ནུས་ཁང་ཆེ་ཆུང་སྣ་ཚོགས་ཡོད་པ་རེད། སྒོ་རའི་ནང་གང་སར་མེ་ཏོག་གིས་ཁེངས་ཤིང་། ཡུན་ནན་ནས་དབོར་ཡོང་བའི་མེ་ཏོག་སོས་པ་དང་། ས་གནས་དེ་ག་ནས་ཉོས་པའི་རྩི་ཤིང་། རྒན་རྒོན་ཚོས་བཏབ་པའི་མེ་ཏོག་བཅས་ཀྱིས་གང་སར་ཕྲ་རྒྱན་བཏབ་པ་ལྟར་བརྒྱན་ཡོད་པས། དུས་ཚིགས་གང་དུའང་ཡིད་དུ་འོང་བའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

    གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ཉལ་ཁང་དུ་སྐྱོད་སྐབས། མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འགུག་ནུས་པ་ཞིག་ཡོད།

    དེ་ཡང་པང་གཅལ་གཙང་ཞིང་འོད་མདངས་ལྡན་ལ། འབོལ་གདན་དང་ཅོག་ཙེ་གྲལ་འགྲིག་པོར་བཞག་པ་དང་ཉལ་ཁྲི་ཡང་བརྟན་ལ་བདེ་པོ་ཡོད། གསང་སྤྱོད་དང་། ཆུ་དྲོད་གཏོང་ཆས། ཆུ་བཤལ་བཤང་གཞོང་བཅས་གང་དགོས་ཅི་འཛོམས་ཡོད་པ་རེད།

    ལོ་78ལ་སླེབས་པའི་བློ་འཛོམས་སྔས་མགོར་བསྙེས་ནས་བརྙན་འཕྲིན་ལ་ལྟ་བཞིན་ཡོད་ཅིང་། ད་ལྟའི་འཚོ་བའི་སྐོར་གླེང་སྐབས་བགྲེས་སོང་གིས“དེ་སྔ་གྲོང་ཚོའི་ནང་སྡོད་སྐབས་ཆ་རྐྱེན་སྐྱོ་པོ་ཡོད། ལོ་རྒས་རྗེས་ཆ་རྐྱེན་ལེགས་པའི་ཁང་པ་འདི་འདྲ་ཞིག་ཏུ་སྡོད་ཐུབ་པ་ཡིད་ལའང་འཁོར་མ་མྱོང”ཞེས་ཡང་ཡང་བརྗོད།

    བགྲེས་སོང་གིས་འཛུམ་དམུལ་དམུལ་ངང་། འདི་གར་ཟས་གོས་ལ་སེམས་ཁྲལ་བྱེད་མི་དགོས་ལ། དུས་ཚིགས་དང་བསྟུན་པའི་གྱོན་གོས་དང་ཟླ་རེའི་ལག་དངུལ་སོགས་མཐའ་དག་སྲིད་གཞུང་གིས་སྤྲོད་ཀྱི་ཡོད། “འདིར་བསྡད་ན་ལུས་སེམས་གཉིས་ཀ་སྐྱིད་པོ་འདུག ཚེ་མཇུག་གི་སྡོད་ས་ཡག་ཤོས་ཤིག་རེད”ཅེས་བརྗོད།

    འདི་གར་རྒན་གསོ་བྱེད་རིང་། རྒན་རྒོན་རྣམས་བློ་བདེ་བག་ཕེབས་ཆེ་ཤོས་ནི་དུས་དང་རྣམ་པ་ཀུན་ཏུ་ཆེད་ལས་ཀྱི་སྨན་བཅོས་ཚོགས་པས་རྒན་རྒོན་གྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་དེ་རེད།

    ལྟེ་གནས་དེར་བོད་ལུགས་གསོ་རིག་དང་། ཆེད་ལས་ཀྱི་ལུམས་བཅོས། སྨན་བསང་ནད་བཅོས་སོགས་བཀོད་སྒྲིག་བྱས་ནས་སྲོལ་རྒྱུན་གྱི་བོད་ལུགས་ལུས་གསོ་དེ་རྒྱུན་གཏན་གྱི་རྒན་གསོའི་འཚོ་བའི་ནང་ཁྱབ་ཡོད། གཤགས་བཅོས་རྗེས་ཀྱི་རྒན་རྒོན་དང་ལོ་ན་མཐོ་བའི་རྒན་རྒོན་ཚང་མར་ཆེད་མངགས་ནད་གསོ་ལྟ་ཞིབ་ཁང་ཡོད་པ་དང་ཆུ་ཚོད་24ཡི་སྐད་གཏོང་སྒྲིག་ཆས་ཀྱང་ཡོད་པ་རེད།

    ལོ་81ལ་སླེབས་པའི་བགྲེས་སོང་ཚེ་རིང་ཆོས་སྒྲོན་ཉེ་ཆར་ནད་གསོ་ཁང་གི“རྒྱུན་ཕེབས་མགྲོན་པོར”གྱུར། ད་ལོའི་ཟླ་3པར་ཁོང་ལ་པུས་ཚིགས་བརྗེ་བའི་གཤགས་བཅོས་བྱས་ཤིང་། གཤགས་བཅོས་མ་བྱས་གོང་གི་གྲ་སྒྲིག་དང་གཤགས་བཅོས་བྱེད་རིང་གི་རོགས་རམ། ནད་ཁང་དུ་ནད་གཡོག་རྒྱུག་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་རྟོག་བྱེད་མཁན་ཡོད། ཉེ་ཆར་སྨན་ཁང་ནས་དོན་མ་ཐག་པའི་ཁོང་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ནད་གསོ་ཁང་དུ་ལུས་ཁམས་གསོ་བར་སླེབས་ཡོད།

    ཕྱི་དྲོར་སྨན་བཅོས་ཁང་དུ་ཚེ་རིང་ཆོས་སྒྲོན་གྱིས་པུས་མོའི་ཟུག་གཅོག་སྨན་ཁྱེར་ནས་དལ་བུར་ཡར་ལངས་སྐབས། ནད་གཡོག་གིས་ལམ་སེང་དེའི་མདུན་དུ་སོང་ནས་ངང་རྒྱུད་རིང་པོས་ལངས་སྟངས་བསླབས་པ་མ་ཟད། ཁོང་ལ་སྦྱོང་བརྡར་བྱེད་རོགས་བྱས་ནས་གཟུགས་པོ་རིམ་བཞིན་དྲག་སྐྱེད་ཡོང་བར་བྱས།

    “ཁ་ཡ་བྱེད་མཁན་ཡོད་ལ་རོགས་རམ་དང་ལྟ་རྟོག་བྱེད་མཁན་ཡང་ཡོད་པས། སེམས་པ་ཧ་ཅང་སྐྱིད་པོ་འདུག”ཅེས་བགྲེས་སོང་ཚེ་རིང་ཆོས་སྒྲོན་གྱི་བབ་ཆགས་པའི་སྐད་ཆ་ལས་ཁོང་ལ་སེམས་འགུལ་ཚད་མེད་ཐེབས་པ་ཤེས་ཐུབ།

    ལྟོ་གོས་ལ་སེམས་ཁྲལ་མེད་པའི་ཁར་བསམ་པའི་འཚོ་བ་དེ་བས་ཕུན་སུམ་ཚོགས་པོ་ཡོད་དགོས། ད་ལོ་ལོ་65ལ་སླེབས་པའི་བགྲེས་སོང་ཨོ་ལོད་ལ་གནས་དེ་ནས་རང་ཉིད་ལ་དབང་བའི་མི་ཚེའི་སྤྲོ་སྣང་རྙེད་ཅིང་། ཁོང་གིས་སྔོན་མ་ནས་འཚེམ་བཟོའི་ལག་རྩལ་ཏོག་ཙམ་ཤེས་མོད། འོན་ཀྱང་ད་བར་ལག་རྩལ་ངོམ་ས་མེད་པར་ལུས། གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པས་ཁོང་ལ་ལག་རྩལ་འདི་འདྲ་ཞིག་ཡོད་པ་ཤེས་རྗེས་མུ་མཐུད་ལས་ཀ་དེ་བྱེད་རྒྱུའི་ལྕག་སྐུལ་བྱས་པ་རེད། ད་ཆ་འཚེམ་བཟོ་ཁང་དེ་བགྲེས་སོང་ཨོ་ལོད་ཉིན་ལྟར་འགྲོ་འོང་བྱེད་ས་ཞིག་ཏུ་གྱུར། ཁོང་གིས་མ་ལག་བདེ་པོས་བློ་རྩེ་གཅིག་སྒྲིམ་གྱིས་འཚེམ་འཁོར་སྤྱོད་ཀྱིན་ཡོད། གཞན་ཡང་ཁོམ་པ་ཡོད་དུས་ཁོང་གིས་པུས་ཤུབས་འཚེམ་གྱི་ཡོད་ལ། ད་དུང་ལས་རོགས་ཚོ་དང་མཉམ་དུ་ཕྱུ་པ་དང་། ཁན་སྦྱར། པང་གདན་སོགས་མི་རིགས་གྱོན་ཆས་ཀྱང་འཚེམ་གྱི་ཡོད།

    “ངའི་བསམ་པར་ང་རང་རྒས་ཚར་བ་རེད་སྙམ་གྱི་ཡོད། ཡིན་ནའང་ད་ཆ་རང་ནུས་ལྕོགས་ཚོད་ཀྱིས་ཚང་མར་རོགས་པ་ཏོག་ཙམ་བྱེད་ཐུབ་པས། མི་ཚེར་དོན་སྙིང་ལྡན་སོང”ཞེས་བགྲེས་སོང་ཨོ་ལོད་ཀྱིས་འཛུམ་དམུལ་དམུལ་ངང་བཤད།

    “ང་ཚོས་མིག་སྔའི་རྒན་གསོའི་ཐ་སྐྱོང་ཞབས་ཞུ་ཡག་པོ་སྒྲུབ་དགོས་ལ་ཞབས་ཞུའི་སྤུས་ཚད་དེ་བས་རྒྱུན་མཐུད་རིམ་སྤོར་བྱེད་དགོས”ཞེས་སྟེང་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ཡོན་ཀྲང་གཞོན་པ་ཚེ་དབང་བློ་བསྟན་གྱིས་བཤད།

    སྟེང་ཆེན་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་རྒན་གསོ་ནི་ཉི་མ་འཁྱོལ་ཐབས་བྱེད་པ་ཙམ་ཞིག་གཏན་ནས་མིན་པར་དེ་ལས་ལྡོག་སྟེ་བློ་བདེ་བག་ཕེབས་ངང་ལུས་སེམས་གསོས་ནས་ཚེ་མཇུག་བདེ་བར་རོལ་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།