བཀྲ་ཤིས་རྒྱལ་པོ་དང་ཕུར་བུ་སྒྲོལ་མ་བཟའ་ཚོས་མཐའ་མཚམས་སྲུང་བའི་གཏམ་རྒྱུད།
ལ་ཁའི་ཉི་མ་འཕྲོ་སྐབས་ས་མཚམས་རྡོ་རིང་ཨང་44པའི་ཐོག་གི“ཀྲུང་གོ”ཞེས་པའི་ཡིག་འབྲུ་དམར་པོ་གཉིས་པོ་དེ་བས་བཀྲག་མདངས་འཚེར།
ཕུར་བུ་སྒྲོལ་མས་སྒུར་སྒུར་བྱས་ཏེ་ཕུ་ཐུང་གིས་རྡོ་རིང་ཐོག་གི་ཐལ་རྡུལ་གཙང་མར་འཕྱིས། འཁྲིས་སུ་ལངས་ནས་བསྡད་པའི་བཀྲ་ཤིས་རྒྱལ་པོས་ཕྲག་ཐོག་ཏུ་སྐོར་གཡེང་ཁུག་མ་འཁྱེར་ཡོད་པ་དང་། ཁོང་གི་ལག་པ་གཉིས་ཉི་མས་འཚིག་ནས་ནག་པོར་འགྱུར་ཡོད་པ་མ་ཟད། གྲང་ངར་གྱིས་མཛུབ་མོར་སེར་ཀ་ཡང་གས་ཡོད་པ་རེད།
ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་འཛེ་ཐར་གྲོང་ཚོའི་ཀྲུང་འབར་མཐའ་མཚམས་སུ་གནས་པའི་སྒོ་ཧ་གླིང་ཉེན་དོན་ཁང་འདི་ཉིད་རི་ཚོགས་ཁྲོད་དབེན་པར་གནས། རྫོང་གྲོང་དང་བར་ཐག་སྤྱི་ལེ་140ལྷག་ཙམ་ཡོད་པས། དགུན་དུས་གངས་ཆེན་པོ་བབས་ཚེ་འགྲོ་ལམ་ཡོངས་སུ་འགག་གི་ཡོད། རྡོ་རིང་ནས་འགོ་ཚུགས་ཏེ། ཕུར་བུ་སྒྲོལ་མས་གཞི་ནས་རང་ཉིད་ཀྱི་བཟའ་ཟླར་བསམ་ཤེས་ཐུབ་ཡོད།
བག་ཕེབས་ཀྱི་འཚོ་བ་སྐྱེལ་ཆེད་ག་ལ་ཡིན།
དེ་ཡང་ལོ་4ཡི་གོང་ནས་བརྗོད་ན།
བཀྲ་ཤིས་རྒྱལ་པོ་ནི་རྫ་ཡུལ་མཐའ་མཚམས་དོ་དམ་རུ་ཆེན་འགྲོ་བ་དགོན་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཞིག་ཡིན་པ་དང་། ད་ལོ་ནི་ཁོང་གིས་འཛེ་ཐར་གྲོང་ཚོར་མཐའ་མཚམས་བརྟན་སྲུང་བྱས་པའི་ལོ་བཞི་པ་དེ་རེད།
2022ལོར། བཀྲ་ཤིས་རྒྱལ་པོས་རང་འགུལ་ངང་སྒོ་ཧ་གླིང་ཉེན་དོན་ཁང་དུ་བཅའ་སྲུང་བྱ་རྒྱུའི་མིང་ཐོ་བཀོད་པར་བརྟེན། ལོ་ལྟར་དྲོད་སླེབས་དུས་སུ་ལས་སྒྲུབ་བྱེད་པར་འགྲོ་དགོས་པ་མ་ཟད། འགྲོ་ཐེངས་རེར་ཟླ་བ་བཞི་རིང་ནང་ལ་ལོག་ཐུབ་ཀྱི་མེད།
བཟའ་ཟླ་བཅའ་སྲུང་ལ་འགྲོ་དགོས་ཚུལ་ཤེས་པའི་ཉིན་དེར་ཕུར་བུ་སྒྲོལ་མས“ཁྱེད་ཀྱིས་ནང་ལས་དང་ཕྲུ་གུ་བཞག་ནས་འཚོ་བ་སྐྱིད་པོ་སྐྱེལ་བར་འགྲོ་རྩིས་ཡོད་དམ”ཞེས་འཁང་ར་བྱས།
བཀྲ་ཤིས་རྒྱལ་པོ་ཉེན་དོན་ཁང་དུ་བཅའ་སྡོད་བྱེད་པར་སྐྱོད་སྐབས་ནང་ལ་ཕུར་བུ་སྒྲོལ་མ་ལས་མེད་པས། ཞིང་ཁ་འདེབས་པ་དང་ཕྲུ་གུར་ལྟ་རྟོག་བྱེད་དགོས་ཁར། ནང་ལས་ཀྱང་རང་ཉིད་ཀྱིས་བྱེད་དགོས་ཀྱི་ཡོད།
ལོ་དེའི་དབྱར་གསེང་གི་ཉིན་ཞིག་ཁོང་གིས་ཕྲུ་གུ་ཁྲིད་ནས་རི་ལ་བསྐྱོད།
འཛེ་ཐར་གྲོང་ཚོ་ནས་ཉེན་དོན་ཁང་བར་རི་ལམ་ཁོ་ནར་ཆུ་ཚོད་6འགོར་གྱི་ཡོད། རྡོ་ཧྲུག་ལམ་དེ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་གུ་དོག་ཏུ་འགྲོ་བ་མ་ཟད། ཆར་པ་བབས་རྗེས་རྐང་པ་འདམ་བག་ཏུ་ཚུད་ནས་འགྲོ་ཁག་པོ་ཡོད།
ཕྲུ་གུ་ཐང་ཆད་པའི་སྐབས་ཁོང་གིས་ཕྲུ་གུ་སྒལ་པར་འཁུར་བ་དང་སྐབས་རེ་ལག་པས་ཁྲིད་དེ་ལམ་ཕྱེད་དུ་སླེབས་སྐབས་དབུགས་ཧལ་ནས་སྐད་ཆའང་ཤོད་མི་ཐུབ་པར་གྱུར་བ་དང་། འཇམ་ཐིང་ངེར་གནས་པའི་ཉེན་དོན་ཁང་དེ་མཐོང་རྗེས། ཁོང་གི་འཁང་ར་ཡོད་ཚད་དེ་མ་ཉིད་དུ་ཞི་བ་དང་། ལོ་དེ་ནས་བཟུང་ལོ་ལྟར་ལས་ཀ་སྒྲུབ་པའི་ཟླ་4ཡི་རིང་ཁོང་གིས་བཟའ་ཟླ་དང་མཉམ་དུ་རི་སྐོར་ལ་བསྐྱོད་ཀྱི་ཡོད།
ལམ་ལ་འགྲོ་རོགས་ཡོད་པ།
མཐའ་མཚམས་ལ་སྐོར་གཡེང་ཐེངས་དང་པོ་བྱེད་སྐབས་ཕུར་བུ་སྒྲོལ་མ་ཐང་ཆད་ནས་གོམ་པའང་སྤོ་དཀའ་བར་གྱུར།
འདམ་རྫབ་ལམ་དུ་འདྲེད་བརྡར་ཤོར་སླ་བ་དང་། གྱེན་ལ་འཛེག་སྐབས་དབུགས་ཧལ་གྱི་ཡོད། ཕྲུ་གུ་འགྲོ་མ་ཐུབ་ཚེ་ཁོང་དང་བཟའ་ཟླས་རེས་མོས་ངང་སྒལ་པར་འཁུར་གྱི་ཡོད། ལམ་ཕྱེད་ལ་སླེབས་སྐབས་ཁོང་གི་དཔྲལ་བ་ནས་རྔུལ་ཆུའི་ཐིགས་པ་བརྒྱབ་སྟེ་ཡིད་ཐང་ཆད་ནས་ཕྱིར་འཐེན་བྱེད་རྩིས་ཐེངས་མང་བྱས།
བཀྲ་ཤིས་རྒྱལ་པོས་མདུན་དུ་ཡོང་ནས“མེས་རྒྱལ་གྱི་མཐའ་མཚམས་ལམ་ཐིག་འདི་གར་ཡོད་པས་དེ་སྲུང་མཁན་དགོས་དང་དགོས། ཁྱིམ་ཚང་ཆེན་པོ་བདེ་འཇགས་བྱུང་ཚེ་གཞི་ནས་ང་ཚོའི་ཁྱིམ་ཚང་ཆུང་ངུའང་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་སྲིད”ཅེས་བཤད་པས། ཕུར་བུ་སྒྲོལ་མས་ཨམ་གཙིགས་བསྡམས་ཏེ་མུ་མཐུད་མདུན་དུ་བསྐྱོད།
ཆུ་ཚོད་6གི་རྗེས་སུ་ས་མཚམས་རྡོ་རིང་ཨང་44པ་འདི་ཉིད་རི་ཚོགས་ཁྲོད་འགྱིང་ངེར་གནས་པ་མཐོང་ཡོད། ཁོང་གིས་རྡོ་རིང་ཐོག་གི་ཐལ་རྡུལ་གཙང་མར་འཕྱིས་པ་དང་ཕྲུ་གུས་ཀྱང་པཱ་ལགས་དང་འདྲ་བར་གུས་འདུད་ཞུས། ལ་ཁའི་ཉི་ཟེར་འོག་མི་གསུམ་པོའི་གྲིབ་གཟུགས་རིང་པོར་མངོན་ལ། རྡོ་རིང་ཐོག་གི་ཡིག་འབྲུ་དམར་པོ་ནས་ཀྱང་སྔར་བས་བཀྲག་མདངས་འཚེར།
དུས་དེ་ནས་བཟུང་། སྐོར་གཡེང་ལམ་བུར་བཀྲ་ཤིས་རྒྱལ་པོར་འགྲོ་རོགས་ཤིག་རྙེད་ཡོད།
རི་ཁུག་ཏུ་བྲིས་པའི་རྩིས་ཐོ་ཞིག
ལོ་བཞི་ནི་དེ་ཙམ་རིང་པོ་མིན་ཡང་གོམ་བགྲོད་རེ་རེ་བཞིན་སྤོས་ནས་སྐོར་གཡེང་མཐའ་འཁྱོངས་བྱས་ཡོད།
ལ་ལས་ཕུར་བུ་སྒྲོལ་མར“མཉམ་དུ་སྡུག་པོ་མྱོང་དགོས་དོན་གང་ཡིན”ཞེས་འདྲི་སྐབས།
ཁོང་གིས“ངས་ཁོང་དང་མཉམ་དུ་མཐའ་མཚམས་སྲུང་ཚེ་མཐའ་མཚམས་དེ་བས་བརྟན་དུ་འགྲོ་སྲིད་ལ། ཁྱིམ་ཚང་ཡང་དེ་བས་བརྟན་པོ་ཡོང་ཐུབ”ཅེས་བརྗོད་ཀྱི་ཡོད།
བཀྲ་ཤིས་རྒྱལ་པོས་ཀྱང“མི་གཅིག་གིས་སྲུང་བ་ནི་ལས་འགན་དང་མི་གཉིས་པོས་མཉམ་དུ་སྲུང་བ་ནི་དོན་སྙིང་ལྡན་པའི་འཚོ་བ་རེད”ཅེས་བཤད།
མི་གཅིག་ནས་ཁྱིམ་ཚང་གཅིག་བར་དང་། ཉེན་དོན་ཁང་ཞིག་ནས་ཕྱོགས་གཅིག་གི་དུས་བདེ་བར།
ཞོགས་པའི་ཉི་གཞོན་ཤར་རིའི་རྩེ་ནས་ཤར་དུས། ཁོང་བཟའ་ཚོ་གཉིས་པོས་སྐོར་གཡེང་གི་ཁུག་མ་ཁུར་ནས་མཐའ་མཚམས་ཀྱི་སྐོར་གཡེང་ལམ་ལ་སྐྱོད་འགོ་ཚུགས། ཁོང་གཉིས་པོས་ས་མཚམས་རྡོ་རིང་ཨང་44པར་ཐལ་རྡུལ་གྱིས་ཁེངས་ཡོད་མེད་ལྟ་བར་འགྲོ་དགོས་ལ། ཐལ་རྡུལ་དག་གཙང་མར་མ་འཕྱིས་ཚེ་བློ་གཏན་ནས་བདེ་པོ་ཡོང་གི་མེད།
ཕུར་བུ་སྒྲོལ་མ་མདུན་དུ་སྐྱོད་པ་དང་བཀྲ་ཤིས་རྒྱལ་པོས་རྗེས་སུ་འབྲངས་བ་དང་། སྐབས་རེ་ཕྲུ་གུས་ཁོང་གཉིས་ཀྱི་བར་དུ་འཚང་ཁ་རྒྱག་པ་ལས“ཁྱིམ་ཚང་ཆེན་པོ”དང“ཁྱིམ་ཚང་ཆུང་ངུ”གཉིས་ཁབ་སྐུད་བཞིན་མཉམ་དུ་མཐུད་ཡོད།
ཁོང་ཚོས་སྲུང་བ་ནི་མཐའ་མཚམས་ལམ་ཐིག་གི་རྩྭ་རྩི་ཤིང་ཚུན་ཆད་དང་རི་ཁྲོད་དུ་གནས་པའི་ཁྱིམ་ཚང་རེ་རེ་ཡིན་ལ། ས་མཚམས་རྡོ་རིང་ཐོག་གི་ནམ་ཡང་མི་འགྱུར་བའི“ཀྲུང་གོའི་དམར་མདངས”དེ་བས་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།