ཞབས་ཞུ་ཧུར་ཐག་སྒྲུབ་མཁན་མང་ཚོགས་ཀྱི་སྙིང་ཉེ་བ།
—— ནག་ཆུ་གྲོང་ཁྱེར་སོག་རྫོང་གི“གྲོང་ཚོ་འགན་ལེན་དང་དུད་འབྲེལ”གྱི་ལས་དོན་སྐོར་བཀོད་པ།
ས་བབ་སྨི་4000ཙམ་ཟིན་པའི་ནག་ཆུ་གྲོང་ཁྱེར་སོག་རྫོང་དཀར་སྨད་ཤང་གཟུ་ལྗོངས་ཐང་གྲོང་ཚོར་ཁ་བ་བབས་རྗེས་གོས་དཀར་གྱིས་བརྒྱན་ཞིང་། ཡུལ་མི་དཀོན་མཆོག་གིས་ལྕགས་རྩིབས་ཨར་འདམ་ལས་གྲུབ་པའི་སྡོད་ཁང་གསར་པའི་མདུན་དུ་ལངས་ཏེ། ལག་པས་ཁང་པའི་གྱང་ལྡེབས་ལ་རེག་ཙམ་བྱས་པས་ངོ་གདོང་ལས་འཛུམ་མདངས་ཤིག་འཕྱུར།
སྔོན་ཆད་བཟའ་མི་ལྔ་པོ་ལྷགས་པ་འགོག་མི་ཐུབ་པའི་ཁང་ཆུང་ནང་འཚང་ཁ་བརྒྱབ་ནས་སྡོད་དགོས་སྟབས། “ཁང་པ་དྲོ་པོ་ཞིག་ནང་སྡོད་རྒྱུ་བྱུང་ན་ཅི་མ་རུང”སྙམ་གྱི་ཡོད།
ད་ཆ་སྡོད་ཁང་གི་དཀའ་ངལ་ཐག་གཅོད་བྱུང་ཞིང་། ཟླ་བ་གཉིས་ལྷག་ཙམ་རིང་། གྲོང་ཚོ་འགན་ལེན་དང་དུད་འབྲེལ་གྱི་ལས་བྱེད་པ་ཚོས་འཕྲལ་མར་བྱ་སྤྱོད་སྤེལ་ནས་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་རྣམ་གྲངས་བརྩོན་ལེན་བྱས་ཏེ། “འབྱོར་ཐོ་གཉིས་འགོད་པའི”ཏང་ཡོན་དང་གཅེས་སེམས་རྩ་འཛུགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ས་ཡོམ་འགོག་ཐུབ་པའི་བདེ་སྡོད་ཁང་པ་སྟར་པ་གཅིག་བརྒྱབ་ཡོད།
ནག་ཆུ་གྲོང་ཁྱེར་སོག་རྫོང་དུ་གཏམ་རྒྱུད་དེ་འདྲ་མང་པོ་ཡོད། ན་ནིང་གི་ཟླ་བཅུ་པ་ནས་བཟུང་། སོག་རྫོང་གིས་ནག་ཆུ་གྲོང་ཨུད་ཀྱི“གཤམ་སྐྱོད་བཞི་སྤེལ་ནས་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱེད་དགོས་པའི”བླང་བྱ་དོན་འཁྱོལ་བྱས་ཏེ། “གྲོང་ཚོ་འགན་ལེན་དང་དུད་འབྲེལ”གྱི་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ཞབས་ཞུའི་ལམ་སྲོལ་ཁྱབ་གདལ་བཏང་ཞིང་། རྫོང་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ་1271གིས་ཤང་དང་གྲོང་རྡལ་10ཡི་སྲིད་འཛིན་གྲོང་ཚོ་124ཡི་ཞིང་འབྲོག་དུད་ཚང་11134དང་འབྲེལ་གཏུག་བྱས་ཡོད། རིམ་ཁག་ལས་བྱེད་པས་གཉེན་ཉེར་ལྟ་བ་བཞིན་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་ངོ་ཐུག་གདོང་འཕྲད་དང་ལག་གདང་སྦྲེལ་ནས་སྙིང་གཏམ་ཤོད་པ་དང་ཅི་འཕྲོས་མོལ་འཕྲོས་བྱས་ཏེ་རེ་འདུན་ཉན་ནས་བྱ་བ་དངོས་བསྒྲུབས་ཡོད།
ལག་ལེན་འདི་འདྲ་བསྟར་བ་བརྒྱུད། དེ་གའི་ལས་བྱེད་པ་དང་མང་ཚོགས་དབར་ཕན་ཚུན་འབྲེལ་འདྲིས་བྱེད་སྟངས་ལ་རིམ་བཞིན་འགྱུར་ལྡོག་བྱུང་ཡོད།
“མང་ཚོགས་ཀྱི་ལྕགས་ཐབ་འགྲམ་དུ་གཞུང་དོན་སྒྲུབ་པ”
ལོ་འདི་དག་རིང་། གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་ལ་ཀུན་གྱིས་མིག་མཐོང་ལག་ཟིན་བྱུང་ཞིང་། ལམ་དང་། གློག ཆུ་སོགས་མང་ཚོགས་ཀྱི་འཕྲལ་མཁོ་སྐོང་བའི་དམངས་ཕན་སྲིད་ཇུས་ཁག་མགྱོགས་མྱུར་དོན་འཁྱོལ་བྱུང་བ་མ་ཟད། སྤྱི་ཚོགས་འགན་བཅོལ་དང་། སྨན་བཅོས་འགན་བཅོལ། མ་མཐའི་འཚོ་བ་འགན་ལེན་བཅས་ཀྱི་དངུལ་ཐད་ཀར“གཱ་གཅིག་ཀུན་འཐུས”ནང་རྒྱག་ཐུབ་ཡོད།
དེ་དང་ཆབས་ཅིག གནད་དོན་གཞན་ཞིག་ཐོན་པ་སྟེ། བྱ་བ་བསྒྲུབ་རྒྱུ་སྔར་བས་སྟབས་བདེ་རུ་སོང་ཡང་། ལས་བྱེད་པ་དང་མང་ཚོགས་དབར་ཐུག་འཕྲད་བྱེད་པའི་གོ་སྐབས་ཇེ་ཉུང་དུ་སོང་བ་དེ་རེད།
ལག་ཐོགས་ཁ་པར་ནས“གཱ་གཅིག་ཀུན་འཐུས”ཀྱི་རྩིས་ཁྲར་དངུལ་འབྱོར་བའི་སྒྲ་དེས་སེམས་རྩ་འཁོལ་བའི་མི་ངོ་མ་ཁྱིམ་དུ་འོང་ནས“ཇ་ཕོར་གང་འཐུང”ཞོར་གྱི་འཚམས་འདྲི་བྱེད་ཚུལ་གྱི་ཚབ་བྱེད་མི་ཐུབ། དམངས་ཕན་སྲིད་ཇུས་མི་ཐོག་ལ་དོན་འཁྱོལ་ཙམ་མི་ཚད། མང་ཚོགས་ཀྱིས“ཕན་པ་གང་ནས་བྱུང་བ་དང་། ཕན་པ་སུ་ལ་ཐོབ་པ། བཀའ་དྲིན་སུ་ལ་འཇལ་དགོས་པ”དེ་བས་ཤེས་དགོས་ཀྱི་ཡོད།
སོག་རྫོང་རྫོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དུང་ཟླ་ལྷ་མོས། “སྲིད་ཇུས་ཚོགས་འདུར་ཐེངས་བརྒྱ་བཤད་པ་ལས་མང་ཚོགས་ཀྱི་གམ་དུ་ཐེངས་གཅིག་བཤད་ན་ཡག”ཅེས་གང་བསམ་ལྷུག་པོར་གླེང་། འགག་གནད་ཡོད་སར་ལམ་གྲོལ་གྱི་ནུས་པ་ཐོན་ནས“མང་ཚོགས་ཀྱི་ཁྱིམ་དུ་གཞུང་དོན་བསྒྲུབས”ཡོད།
སོག་རྫོང་གིས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ཚང་མར་འགན་ལེན་འབྲེལ་གཏུག་གི་མ་ལག་བཙུགས་ཏེ། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་520ཡིས་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པ། དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་བྱ་ཡུལ་བཅས་872དང་འབྲེལ་གཏུག་དང་། ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་751གིས་དེ་གའི་དུད་ཚང་10ནས་20བར་འགན་ལེན་འབྲེལ་གཏུག་བྱེད་དུ་བཅུག་པས། “ལས་ཀ་མེད་དུས་དུད་ཚང་ལ་རྟག་ཏུ་སྐྱོད་པ་དང་། ལས་ཀ་ཡོད་ཚེ་ལམ་སེང་སྐྱོད་པའི”དུད་ཚང་དུ་འཚམས་འདྲི་བྱེད་པ་དེ་རྒྱུན་གཏན་ལྟ་བུར་གྱུར་ཡོད།
“གྲོང་ཚོ་འགན་གཙང་ལེན་པ”ནི་མིང་ཙམ་མིན། གཡག་ལ་གྲོང་རྡལ་རིག་གནས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་སྐལ་བཟང་ལྷ་མོས་དུད་ཚང་17དང་འགན་ལེན་འབྲེལ་གཏུག་བྱས་ཏེ། དུས་ཚིགས་རེར་ཐེངས་རེ་བསྐྱོད་ནས་གྲངས་གཞི་རྩིས་བརྒྱབ་པ་དང་། སྲིད་ཇུས་དོན་འཁྱོལ་བྱས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུར་དམ་འཛིན་བྱས་ཡོད། “གཞུང་ལས་ཁང་སོགས་ནས་སྙན་སེང་ཞུས་ཏེ་མི་སྡོད་པར་འགན་འཁྲི་མི་ཐོག་ཏུ་འཁྱོལ་བའི་ཁར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་དཔྱད་གཞི་དང་པོ་ཁོང་དུ་ཆུད་པར་བྱེད་ཀྱི་ཡོད”ཅེས་སྐལ་བཟང་ལྷ་མོས་བཤད།
ལོ་གཅིག་ཙམ་རིང་། རྫོང་ཡོངས་ཀྱི་ཞིང་དུད་11134ལ་འཚམས་འདྲི་དང་། མི་ཐེངས་ཁྲི་4ལྷག་ཙམ་ལ་སེམས་གཏམ་ཤོད་དུ་འཇུག་པ། སྐད་གཉིས་ཀྱི་སྒྲོག་འགྲེལ་ཐེངས་2000བཅས་བྱས་པར་མི་ཐེངས་ཁྲི་1.8ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
“དོན་དག་ཡོད་ཚེ་ལས་བྱེད་པ་འཚོལ་བ་དང་། ལས་བྱེད་པ་ཁྱོད་ཚོའི་འཁྲིས་སུ་ཡོད”
“གྲོང་ཚོ་འགན་གཙང་ལེན་པ”ནི་གང་ཞིག་འགན་གཙང་བླངས་ཡོད་དམ། སོག་རྫོང་གི་ལས་བྱེད་པས་ཚན་ཁག་དང་། དར་སྲོལ། དོན་དངོས་བཅས་ཀྱི་ཐོག་ནས་ལན་ཏན་ཏིག་བརྒྱབ་ཡོད།
གྲོང་ཚོ་རིམ་པའི་སྐབས་བརྗེའི་འདེམས་བསྐོ་བྱེད་རིང་། སོག་རྫོང་གི་རྫོང་དཔོན་གཞོན་པ་ཀྲུའུ་ཝུན་པིན་གྱིས་གྲོང་ཚོ་དང་གྲོང་ལྷན་དུ་ཡོང་རིམ་བཞིན་ཏང་ཡོན་དང་མང་ཚོགས་ཀྱི་འཁྲིས་ལ་བསྡད་དེ་སྐབས་བརྗེའི་འདེམས་བསྐོའི་དོན་སྙིང་དང་། མི་སྣ་འདེམས་པའི་ཚད་གཞི། འདེམས་ཤོག་འཕེན་རྒྱུའི་མངགས་བཅོལ་ཇི་ལྟར་བྱེད་པ་བཅས་རེ་རེ་བཞིན་ལ་འགྲེལ་བཤད་གསལ་པོ་བརྒྱབ་པས། ཀུན་གྱི་དོགས་པ་བསལ་ནས་ཏང་ཡོན་དང་མང་ཚོགས་ཞུགས་ཚད་ཇེ་མཐོར་སོང་ཡོད།
རྒྱལ་ཆེན་ཤང་གི་དུད་ཚང་ཚང་མའི་གྱང་ལྡེབས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་འབྲེལ་གཏུག་གཱ་སྦྱར་ཡོད་པ་མ་ཟད། གྲོང་ཚོ་འགན་གཙང་ལེན་པ་དང་དུད་ཚང་དང་འབྲེལ་གཏུག་བྱེད་མཁན་ལས་བྱེད་པའི་འདྲ་པར་དང་། མིང་། གོ་གནས། ཁ་པར་ཨང་གྲངས་བཅས་ཡོད་པའི་ཁར། གཤམ་འོག་ཏུ་དོན་ཚན་དགུའང་བཀོད་ཡོད་པ་སྟེ། ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་གནད་དོན་དང་། དམངས་ཕན་ཞིང་ཕན་གྱི་ཁ་གསབ་སྐོར་བློ་འདྲི། སྤྱི་ཚོགས་འགན་བཅོལ་དང་། སྨན་བཅོས་འགན་བཅོལ། མ་མཐའི་འཚོ་བ་འགན་ལེན་བཅས་ཀྱི་འགྲོ་ལུགས་གཉེར་སྟངས། ཉེན་ཡོད་ཁང་པ་སྒྱུར་བཀོད་ཀྱི་རེ་ཞུ་བྱེད་སྟངས། སྐྱེ་ཁམས་ལས་གནས་བཀོད་སྒྲིག འོས་འགན་སློབ་གསོའི་སློབ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་ལེན་བྱ་ཚུལ། ལས་ཞུགས་གསོ་སྦྱོང་། འགལ་བ་དང་རྩོད་གཞི་འདུམ་འགྲིག དེ་མིན་དཀའ་ངལ་གྱི་དགོས་མཁོ་སེལ་སྟངས་བཅས་འཁོད་ཡོད།
རྒྱལ་ཆེན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཐའོ་ཡིས་དེ་གོང་གོ་ཆོད་པའི་རྒྱ་བོད་ཡིག་རིགས་གཉིས་ཀྱི་འབྲེལ་གཏུག་གཱ་ཤང་ཡོངས་ཀྱི་གྲོང་ཚོའི་དུད་ཚང་མི་རེ་ངོ་རེར་སྤྲད་ཡོད།
ཤོག་བྱང་དེའི་ཐོག“དོན་དག་ཡོད་ཚེ་ལས་བྱེད་པ་འཚོལ་བ་དང་། ལས་བྱེད་པ་ཁྱོད་ཚོའི་འཁྲིས་སུ་ཡོད”ཅེས་པ་དེ་མང་ཚོགས་ཀྱིས་རྒྱུན་དུ་ཤོད་པའི་ཁ་རྒྱུན་ཞིག་ཏུ་གྱུར་ཡོད། ཤང་གིས་ད་དུང་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱ་རྒྱུ་དེ“གསར་གཉིས”ལས་དོན་ཨུ་ལྷན་གྱི་ཁོངས་སུ་བཅུག་ནས་མི་གང་དུ་སོང་ན་དེ་གར་ཞབས་འདེགས་ཞུ་གི་ཡོད།
“ཁྱེད་ཚོ་གཉེན་ཉེ་ལས་ཀྱང་ལྷག”
ལས་བྱེད་པ་ཚོས་ལས་དོན་རེ་རེ་བཞིན་སྒྲུབ་པར་བསྐྱོད་དེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་ཀྱི་ཡོད།
ད་ལོའི་ཟླ་9པར། སྐལ་བཟང་ལྷ་མོ་གཡག་ལ་གྲོང་རྡལ་ཙན་དན་ཞོལ་སྡེ་ཁུལ་གྲོང་ལྷན་དང་པོའི་དོན་གྲུབ་ཀྱི་ཁྱིམ་དུ་སྐྱོད་སྐབས། དོན་གྲུབ་ཀྱི་གཟུགས་པོ་ཐང་པོ་མེད་པ་དང་། ཁོང་གི་བཟའ་ཟླ་ལོ་ཤས་གོང་ཚེ་ལས་འདས་པའི་ཁར། བུ་ཡུན་རིང་ན་བ་དང་སློབ་ཆེན་འགྲིམ་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་ཤེས་ནས་ཁོང་ལ་གདུང་སེམས་དྲག་པོ་སྐྱེས་ཡོད།
ཁོང་གིས་གཡག་ལ་གྲོང་རྡལ་དམངས་འཚོའི་གཞུང་ལས་ཁང་གི་ལས་དོན་པ་དང་མཉམ་དུ་ཁོང་གི་དུད་ཚང་དུ་བསྐྱོད་དེ་ཐོབ་ཐང་ལག་ཁྱེར་འཚོལ་རོགས་དང་དངུལ་ཁང་གཱ་ཡི་ཨང་གྲངས་བཤུས་ཏེ་དཔྱད་གཞིའི་ཡིག་ཆ་རེ་རེ་བཞིན་གྲ་སྒྲིག་གིས་རོགས་སྐྱོབ་དངུལ་ཚབ་ཞུ་བྱས་པས། གནས་སྐབས་ཀྱི་རོགས་སྐྱོབ་དངུལ་སྒོར་ཁྲི་5དོན་གྲུབ་ཀྱི་དངུལ་ཁང་གཱ་ནང་འབྱོར་ཡོད། དོན་གྲུབ་ཀྱིས“སྲིད་གཞུང་གིས་ང་ཚོར་སེམས་ཁུར་ཆེན་པོ་བྱེད་ཀྱི་འདུག་པས་དངོས་གནས་དྲོ་སྐྱིད་ཆེན་པོ་ཚོར་གྱི་འདུག”ཅེས་སྐད་འཕྲིན་ནས་སྐལ་བཟང་ལྷ་མོར་བསྐུར།
མང་ཚོགས་ལ་དགོས་མཁོ་གང་ཡོད་ཚེ་ང་ཚོས“སྒྲུབ་རོགས”བྱེད་པར་འགྲོ་གི་ཡོད།
ད་ལོའི་ཟླ་10པའི་ཟླ་མཇུག་ཏུ་གཡག་ལ་གྲོང་རྡལ་གཡག་ངེ་སྟེང་གྲོང་ཚོའི་དབུལ་སྒྲོལ་དུད་ཚང་ཀུན་བཟང་གྲགས་པར་གློ་བུར་དུ་ནད་གཞི་ཕོག་པས། མཚན་མོ་དེ་རང་ལ་ལྷ་སར་གཤགས་བཅོས་བྱེད་པར་བསྐྱལ་ཡོད། མི་མ་ཤི་ཟོག་གི་སྡོང་པོ་ཞེས་པ་ལྟར་ནད་པ་སྐྱོབ་རྒྱུ་གལ་ཆེ་མོད། འོན་ཀྱང་གནས་སྐབས་རོགས་སྐྱོབ་ཀྱི་བདེན་དཔང་དཔྱད་ཡིག་དག་སུས་གཉེར་རོགས་བྱེད་དམ།
གྲོང་ཚོས་གནས་ཚུལ་དེ་འཕྲལ་མར་གྲོང་རྡལ་དམངས་འཚོའི་གཞུང་ལས་ཁང་ལ་སྙན་སེང་ཞུས་པས། འགན་ལེན་འབྲེལ་གཏུག་བྱེད་མཁན་ལས་བྱེད་པ་དང་། གྲོང་སྡོད་ལས་དོན་རུ་ཁག གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་བཅས་མཉམ་དུ་འཛོམས་ནས། དཔྱད་གཞི་བསྡུ་བ་དང་། རྫོང་དམངས་སྲིད་ཅུས་དང་འབྲེལ་མཐུད་བྱེད་པ། འབྲེལ་ཡོད་སྡེ་ཚན་ལ་སྐྱེལ་བ་བཅས་བྱས་ནས། བརྒྱུད་རིམ་ཧྲིལ་པོར་རོགས་པ་འཕྱུགས་པ་མེད་པར་བྱས་ཡོད།
ལས་དོན་ལེགས་སྒྲུབ་ཡོང་བར་ཚང་མའི་མཉམ་ལས་ལ་བརྟེན་དགོས། རྒྱལ་ཆེན་ཤང་གིས“ལས་དོན་པ་ཨང་དང་པོར་འདྲི་རྩད་བྱེད་པའི་འགན་འཁྲིའི་ལམ་ལུགས”དོན་འཁྱོལ་བྱས་ཤིང་། མང་ཚོགས་ཀྱིས་ཐོག་མར་འཚོལ་བའི་ལས་བྱེད་པས་རེ་ཞུ་ཐོ་འགོད་ཀྱི་འགན་འཁུར་བ་དང་། འགན་འཁྲི་འཁུར་བའི་དུས་ཚོད་དང་འཁུར་མཁན་གྱི་ཚན་པའི་མིང་གསལ་པོ་འགོད་པ། འབྲེལ་མཐུད་བྱས་པ་ཙམ་གྱིས་ལས་དོན་སྒྲུབ་ཚར་བ་མིན་པར། ད་དུང་ལས་དོན་སྒྲུབ་པར་ལྟ་སྐུལ་བྱེད་པ་དང་། བསྒྲུབས་ཚར་རྗེས་ལན་སྤྲོད་པ། ཐོ་བསུབ་པ་བཅས་བྱས་ནས“དོན་དག་ཚང་མ་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པ”བྱས་ཡོད།
རོང་པོ་གྲོང་རྡལ་གྱི་བྱེད་སྟངས་ནི“ལས་དུས་མིན་ནའང་ལས་རེས”བྱས་ནས་མང་ཚོགས་ཀྱིས་དོན་དག་སྒྲུབ་སྐབས“སྟོང་རྒྱུག”གི་གནད་དོན་རྦད་དེ་ཐག་གཅོད་བྱས་པ་མ་ཟད། གཟའ་འཁོར་རེར་གཅིག་སྡུད་ཐོག་སྲིད་ཇུས་སློབ་སྦྱོང་བྱས་ནས། ཚན་ཁག་དབར་གྱི་བཀག་རྒྱ་གཏོར་ཏེ་མི་ཚང་མ“སྣ་མང་ཤེས་མཁན”དུ་འགྱུར་བར་བྱས་ཡོད།
ལོ་གཅིག་རིང་། རྫོང་དེས་རེ་ཞུ་ཁག་388བསྡུ་རུབ་བྱས་པ་དང་གྱོད་གཞི་384ཐག་གཅོད་བྱས་པར་གྱོད་གཞི་ཐག་གཅོད་བྱེད་ཚད་98%ཡན་ཟིན་པ་དང་། སྒོར་ཁྲི་30ལྷག་ཙམ་རི་བའི་མ་དངུལ་དང་དངོས་ཟོག་གི་འཚམས་འདྲི་དང་རོགས་སྐྱོར་བྱས་པས། ལྕགས་ཐབ་ཀྱི་འགྲམ་དུ་སེམས་གཏམ་ཤོད་མང་དུ་ཕྱིན་ཡོད་ལ། ཕན་ཚུན་དབར་གྱི་སེམས་དེ་བས་ཐག་ཉེ་རུ་སོང་ཡོད།
གཟུ་ལྗོངས་ཐང་གྲོང་ཚོའི་དཀོན་མཆོག་གི་ཁང་པ་གསར་པར་སྒོ་རྡུང་བའི་སྒྲ་གྲགས་པ་དང་སྦྲགས་འགན་གཙང་ལེན་མཁན་ལས་བྱེད་པ་ཚོ་སླར་ཡང་ཡོང་ནས་ས་ཡོམ་ཁྲོད་ཁང་པ་གསར་པར་གཏོར་སྐྱོན་ཕོག་མིན་སྐད་ཆ་དྲིས་ཤིང་། དཀོན་མཆོག་གིས“གལ་སྲིད་སྔོན་མའི་ཁང་པ་དེ་ཡིན་ཚེ། གས་སྐྱོན་ཆེན་པོ་ཤོར་ངེས། ཁང་པ་གསར་པའི་དྲིན་གྱིས་ད་ཆ་ཚང་མ་བདེ་མོ་ཐང་མ་ཡིན་པས། ཁྱེད་ཚོ་གཉེན་ཉེ་ལས་ལྷག་པ་ཡོད”ཅེས་དྲིན་ཚོར་ཟབ་མོས་བཤད།
འབྲེལ་ཡོད་གསར་འགྱུར།