ཨེ་ཅིབ་ཀྱི་བེ་ཏ་ཁ་སུར་ཀྲུང་གོར་འཚོང་བའི་གོ་སྐབས་རག་པ།

འདི་ནི་ལི་ན་ཞིང་རའི་ལས་མིས་བེ་ཏ་ཁ་སུར་འཐོག་བཞིན་པ།

འདི་ནི་ལི་ན་ཞིང་རའི་ལས་མིས་བཏོགས་མ་ཐག་པའི་བེ་ཏ་ཁ་སུར་སྟོན་བཞིན་པ། (གོང་གསལ་གྱི་པར་རིས་ཚང་མ་ལི་ན་ཞིང་རས་མཁོ་འདོན་བྱས)
ཨེ་ཅིབ་ནུབ་རྒྱུད་ཀྱི་པཱ་ཧ་ལི་ཡཱ་སྐྱེད་ཚལ་ལི་ན་ཞིང་རར་སྟར་དུ་བྱས་པའི་བེ་ཤིང་གི་ཡལ་གར་འབྲས་བུ་བྱུར་བུར་བཏགས་ཡོད། གསར་འགོད་པས་བཅར་འདྲི་བྱེད་སྐབས་བེ་ཏ་ཁ་སུར་བསྡུ་བ་དང་ཏག་ཏག་འཁེལ་ཡོད། བཟོ་པ་ཚོས་བེ་ཏའི་ནགས་ཚལ་ཁྲོད་དུ་ཕར་འགྲོ་ཚུར་འོང་གིས་བེ་ཏ་ཁ་སུར་འཐོག་པ་དང་དབྱེ་བ་འབྱེད་བཞིན་ཡོད། ལེགས་འདེམས་དང་གསོག་ཉར་ནན་པོ་བྱས་རྗེས་ཉི་ལུའོ་གཙང་འགྲམ་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་དེ་དག་ཕྱིར་གཏོང་བྱས་ནས་དེ་བས་ཡངས་པའི་ཕྱི་རྒྱལ་གྱི་ཁྲོམ་རར་གཏོང་རྒྱུ་རེད། ཀྲུང་གོ་ནི་ཨེ་ཅིབ་ཀྱི་བེ་ཏ་ཁ་སུར་ཕྱིར་གཏོང་ཁྲོམ་ར་ཆེན་པོ་ཞིག་རེད། ཨེ་ཅིབ་ཀྱི་བྱེ་ཐང་སྐྱེད་ཚལ་ནས་ཀྲུང་གོའི་ཁྲོམ་རར་བཏོན་པའི་བེ་ཏ་ཁ་སུར་དག་ནི་ཀྲུང་ཨེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་ཏུ་རྒྱུན་ཆད་མེད་པར་འགྲོ་བའི་དཔང་པོ་ཞིག་རེད།
བེ་ཏ་ཁ་སུར་ནི་ཨེ་ཤེ་ཡ་ནུབ་མ་དང་ཨ་ཧྥེ་རི་ཁ་བྱང་མ་སོགས་ས་ཁུལ་གྱི་ཤིང་འབྲས་གཙོ་བོ་ཞིག་ཡིན་པ་དང་། “བྱེ་ཐང་གི་བག་ལེབ”ཅེས་ཟེར་སྲོལ་ཡོད་ལ། འཚོ་བཅུད་དང་རང་བྱུང་གི་མངར་ཆ་མང་པོ་འདུས་ཡོད་པས་བཅུད་ཆེན་པོ་ཡོད། ལི་ན་ཞིང་ར་ནི་ཨེ་ཅིབ་ཀྱི་བེ་ཏ་ཁ་སུར་ཐོན་སྐྱེད་ཁེ་ལས་ཤིག་ཡིན་པ་དང་། གཙོ་བོ་མའེ་ཏེ་ཀྲུའར་དང་པར་ཤིས་སོགས་ཀྱི་བེ་ཏ་ཁ་སུར་འདེབས་འཛུགས་དང་ལས་སྣོན་བྱེད་ཀྱི་ཡོད། ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད། ལི་ན་ཞིང་རས་ཨེ་ཅིབ་ཀྱི་པཱ་ཧ་ལི་ཡཱ་སྐྱེད་ཚལ་དང་། མིང་ཡཱ་ཞིང་ཆེན། ས་ཏ་ཐེ་གྲོང་ཁྱེར་སོགས་སུ་སྡོང་ཕྲུག་འདེབས་གསོ་དང་བེ་ཏ་ཁ་སུར་བཏབ་པ་ནས་ཕྱིར་གཏོང་བར་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་རིམ་བཞིན་བཙུགས་པ་དེ་ནི་ཨེ་ཅིབ་དང་དབུས་ཤར་ས་ཁུལ་གྱི་སྤུས་ཚད་མཐོ་བའི་བེ་ཏ་ཁ་སུར་ཐོན་སྐྱེད་ཚོང་པ་གཙོ་བོའི་གྲས་ཤིག་རེད།
ཉེ་བའི་ལོ་ཤས་རིང་། ཀྲུང་ཨེའི་དཔལ་འབྱོར་ཚོང་དོན་འགྲོ་འོང་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཨེ་ཅིབ་ཀྱི་ཁེ་ལས་དེ་བས་མང་བས་ཀྲུང་གོའི་ཁྲོམ་རར་དེ་བས་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཨེ་ཅིབ་ཀྱི་འགྲེམས་སྟོན་དང་ཚོགས་འདུ་སྤྱི་ཁྱབ་ཅུས་ཀྱི་ཀྲུའུ་ཞི་ཟུར་པ་ཤེ་ལི་ཧྥུའུ·མཱ་ཝར་ཏིས“ཨེ་ཅིབ་ཀྱི་ཐོན་རྫས་ཀྲུང་གོའི་ཁྲོམ་རར་འདོན་པར་ནང་འདྲེན་འགྲེམས་ཚོགས་ཀྱིས་སྐར་ཁུང་གལ་ཆེན་མཁོ་འདོན་བྱས་ཡོད་པས་ཨེ་ཅིབ་དང་ཨེ་ཅིབ་ཀྱི་ཁེ་ལས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེན་པོ་རེད”ཅེས་བརྗོད་པ་རེད།
ལི་ན་ཞིང་རའི་ཚོང་དོན་སྤྱི་ཁྱབ་ལྟ་ཞིབ་པ་ཧོ་སྨིས“ནང་འདྲེན་འགྲེམས་ཚོགས་ཀྱིས་མི་རྣམས་ལ་ཀྲུང་གོའི་ཁྲོམ་ར་དང་འབྲེལ་བ་བྱེད་པའི་རྩ་ཆེའི་གོ་སྐབས་དང་དེ་བཞིན་ལས་རིགས་ལས་བརྒལ་བའི་འབྲེལ་བ་འཛུགས་པའི་གོ་སྐབས་གལ་ཆེན་མཁོ་འདོན་བྱས་ཡོད། ཀྲུང་གོའི་ཡོང་འབབ་འབྲིང་གྲས་ཀྱི་འཛད་སྤྱོད་ཚོགས་སྤྱི་རྒྱུན་མཐུད་རྒྱ་ཆེར་འགྲོ་བ་དང་བསྟུན་ནས་ཨེ་ཅིབ་ཀྱི་བེ་ཏ་ཁ་སུར་ཀྲུང་གོའི་ཁྲོམ་རར་འདོན་པའི་གོ་སྐབས་རག་ཡོད”ཅེས་བརྗོད་པ་རེད།
ནང་འདྲེན་འགྲེམས་ཚོགས་ཀྱིས་ཨ་ཧྥེ་རི་ཁའི་ཐོན་རྫས་ལ་ཚོང་ལམ་ཆེན་པོ་བཏོད་ཡོད། ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་ཁེ་ལས་ཀྱི་འགྲེམས་ཁྱོན་སྨི་ངོས་གྲུ་ཁྲི་37ལས་ཐོག་མར་བརྒལ་བ་དང་། ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་ཐོན་རྫས་ཆེད་ཁུལ་སྔར་བས་རིམ་སྤོར་བྱས་ནས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ལ་མཁོ་འདོན་བྱས་པའི་རིན་མེད་འགྲེམས་གནས་ཀྱི་རྒྱ་ཁྱོན་17%འཕར་ཡོད། དེ་དང་ཆབས་ཅིག ནང་འདྲེན་འགྲེམས་ཚོགས་ཀྱིས་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ལེགས་འདེམས་ལས་སྟེགས་རིམ་སྤོར་བྱས་ཏེ་འགྲེམས་སྟོན་ཚོང་པས་ཐད་གཏོང་བརྒྱུད་འགྲེམས་ཞུགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཡོད།
སྲིད་ཇུས་ཀྱི་ཕན་པ་ཧ་ཅང་མང་པོ་ཡོད། ད་ལོའི་ཟླ་5ཚེས་1ཉིན་ནས་བཟུང་། ཀྲུང་གོས་ཨ་ཧྥེ་རི་ཁ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་53ལ་སྒོ་ཁྲལ་མེད་པའི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། དེ་གོང་། ཨེ་ཅིབ་ཀྱི་བེ་ཏ་ཁ་སུར་ཀྲུང་གོར་ཕྱིར་གཏོང་བྱེད་པར་གཟིགས་སྐྱོང་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་ཁྲལ་ཚད་15%སྤྱོད་རྒྱུ་དང་སྒོ་ཁྲལ་མེད་པའི་སྲིད་ཇུས་དོན་འཁྱོལ་བྱས་རྗེས། ཀྲུང་གོའི་ཁྲོམ་རར་ཨེ་ཅིབ་ཀྱི་བེ་ཏ་ཁ་སུར་གྱི་རིན་གོང་སྔར་བས་དམའ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།