ཟླ་དང་པོ་ནས་བཅུ་པའི་བར་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་20%འཕར་བ།
འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2026ལོའི་ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་44.81ཟིན་ནས་དུས་མཚུངས་ལས་20%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་25.99ཟིན་ནས་དུས་མཚུངས་ལས་17.6%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་18.82ཟིན་ནས་དུས་མཚུངས་ལས་23.6%འཕར་ཡོད། ཟླ་10པར། རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་4.87ཟིན་ནས་དུས་མཚུངས་ལས་31.2%འཕར་ཡོད།
ཚོང་དོན་རོགས་ཟླའི་ངོས་ནས་བལྟས་ན། ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་7.68ཟིན་ནས་དུས་མཚུངས་ལས་24.2%འཕར་བ་དང་། རང་རྒྱལ་དང་ཡོ་རོབ་མནའ་འབྲེལ་གྱི་ཚོང་དོན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་5.29ཟིན་ནས་དུས་མཚུངས་ལས་8.5%འཕར་ཡོད། དུས་མཚུངས་སུ། རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་22.88ཟིན་ནས་18.5%འཕར་ཡོད།
ཕྱི་ཕྱོགས་ཚོང་དོན་གྱི་བྱེད་པོའི་ཆ་ནས་བལྟས་ན། ཟླ་དང་པོ་ནས་བཅུ་པའི་བར། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་25.46ཟིན་ནས་དུས་མཚུངས་ལས་20.1%འཕར་བ་དང་། ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་13.15ཟིན་ནས་དུས་མཚུངས་ལས་20.4%འཕར་ཡོད།
གཙོ་གནད་ཚོང་ཟོག་ནས་བལྟས་ན། ཕྱིར་གཏོང་ཐད་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་16.81ཟིན་ནས་དུས་མཚུངས་ལས་25.2%འཕར་བ་དང་། ནང་འདྲེན་ཐད་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་འཕྲུལ་གློག་ཐོན་རྫས་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་8.17ཟིན་ནས་དུས་མཚུངས་ལས་35%འཕར་བ། ཞིང་ལས་ཐོན་རྫས་སྒོར་དུང་ཕྱུར་ཁྲི་1.29ཟིན་ནས་དུས་མཚུངས་ལས་4.6%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།