དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་སྦྲག་སྲིད་ལས་རིགས་ཀྱིས་བསྐུར་མ་དུང་ཕྱུར་1.56སྐུར་སྐྱེལ་བྱས་པ།

    ཞིང་འབྲོག་ཁུལ་ཡོངས་ལ་སྐུར་སྐྱེལ་ཞབས་ཞུའི་ལས་སྒོ་ཁྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-12

    ཟླ་11ཚེས་10ཉིན། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“བོད་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས་དམངས་འཚོ་འགན་ལེན་ལ་ཞབས་འདེགས་ཞུ་བའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་སྦྲག་སྲིད་མྱུར་སྐྱེལ་གྱིས་དམངས་འཚོ་འགན་ལེན་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་གཙོ་བོར་དམ་པོར་དམིགས་ནས་སྐུར་སྐྱེལ་དྲ་རྒྱ་འཛུགས་སྐྱོང་དང་། ཞབས་ཞུའི་སྤུས་ཚད་མཐོར་གཏོང་། ལས་སྒོ་མང་དུས་ཀྱི་ཞབས་ཞུ་འགན་ལེན་སོགས་ཀྱི་ལས་དོན་གཙོ་བོར་སྤྱི་འདོམས་སྐུལ་འདེད་བཏང་བས། ལས་རིགས་ཀྱི་སྤྱི་ཡོངས་འཕེལ་རྒྱས་འགྲོ་ཚུལ་བརྟན་ལ་གོ་རིམ་ལྡན་པ་དང་བརྟན་ཐོག་ཡར་འཕེལ་བྱུང་ནས་དམངས་འཚོར་ཞབས་ཞུ་དང་འགན་ལེན་བྱེད་པའི་ནུས་ཕྱོད་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་ལྗོངས་ཡོངས་ཀྱི་སྦྲག་སྲིད་ལས་རིགས་ཀྱི་བསྐུར་མ་སྐུར་སྐྱེལ་བྱེད་ཚད་རིམ་རྩིས་བརྒྱབ་ན་དུང་ཕྱུར་1.56ཟིན་ཡོད། དེའི་ནང་མྱུར་སྐྱེལ་ལས་སྒོ་སྒྲུབ་ཚད་ཁྲི་2882.93ཟིན་པ་དེ་དུས་མཚུངས་ལས་5.7%འཕར་ཡོད། མྱུར་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་7.36ཟིན་པ་དེ་དུས་མཚུངས་ལས་10.65%འཕར་ཡོད། བསྐུར་མ་སྐྱེལ་སྤྲོད་བྱེད་ཚད་དུང་ཕྱུར་1.29ཟིན་པ་དེ་དུས་མཚུངས་ལས་8.5%འཕར་ཡོད། དེས་ན། ལས་རིགས་ཀྱི་ལས་སྒོའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་སྦྲགས་འཕེལ་རྒྱས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་རྒྱུན་མཐུད་ཕྱིན་ཡོད་པ་རེད།

    ཞིང་འབྲོག་ཁུལ་གྱི་སྐུར་སྐྱེལ་ཟོག་འགྲུལ་ཞབས་ཞུའི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་ཆེད། རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲུལ་གྱི་སྒྲིག་བཀོད་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། “མྱུར་སྐྱེལ་ལས་སྒོ་གྲོང་ཚོར་གཉེར་བའི”འདུ་འགོད་གཏིང་ཟབ་ཏུ་གཏོང་བ། གྲོང་གསེབ་ཏུ་འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེས་འཕེལ་རྒྱས་དང་སྡེབ་སྐྱེལ་བྱེད་སྟངས་ཁྱབ་གདལ་གཏོང་བ་བཅས་བྱས་པ་མ་ཟད། གྲོང་ཚོ་རིམ་པའི་སྐུར་སྐྱེལ་ཟོག་འགྲུལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཀྱི་སྤྱི་པའི་ཞབས་ཞུའི་ལས་གནས་ཁ་གསབ་དངུལ་དེ་ལྗོངས་ཡོངས་ཀྱི་2026ལོའི་ཞིང་འབྲོག་པའི་འབབ་འཕར་སྲིད་ཇུས་མ་ལག་ནང་བཅུག་ནས་སྲིད་ཇུས་ཀྱིས་གཞི་རིམ་གྱི་ཟོག་འགྲུལ་འཛུགས་སྐྱོང་ལ་མཐུན་རྐྱེན་སྦྱར་བ་རེད། ཟླ་10པའི་ཟླ་མཇུག་བར། རྫོང་རིམ་པའི་སྐུར་སྐྱེལ་ཟོག་འགྲུལ་གྱི་སྡེབ་སྐྱེལ་ལྟེ་གནས་74ཡི་རིམ་སྤོར་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། གྲོང་ཚོ་རིམ་པའི་སྐུར་སྐྱེལ་ཟོག་འགྲུལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་5789ཡི་རིམ་སྤོར་སྒྱུར་བཀོད་ལས་འགན་98%ལེགས་གྲུབ་ཟིན་པ་དང་ས་ཚིགས་ལྷག་མའི་སྒྱུར་བཀོད་ལས་གྲྭར་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    མིག་སྔར་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་ཡོངས་ལ་སྐུར་སྐྱེལ་ཞབས་ཞུའི་ལས་སྒོ་ཁྱབ་ཡོད་པ་དང་། སྒྲིག་ཚུད་གྲོང་ཚོར་མྱུར་སྐྱེལ་ཞབས་ཞུ་ཁྱབ་ཚད་དང་། གྲོང་གསེབ་ཏུ་སྐུར་སྐྱེལ་ལས་སྒོ་ཁྱབ་ཚད། གྲོང་གསེབ་ཀྱི་སྦྲག་ལམ་དུ་རླངས་འཁོར་གྱིས་སྐྱེལ་ཚད་བཅས་ཚང་མ་100%ཟིན་ཡོད། ད་ཆ་ལྗོངས་ཡོངས་སུ་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུའི་ལས་གཉེར་ཁང་755དང་། མྱུར་སྐྱེལ་ཀུང་སི་ཁག་གི་མཐའ་མའི་ལས་ཚིགས་1208ཡོད་པ་དང་ལས་སྒྲུབ་མི་སྣ་5000ལྷག་ཙམ་ཡོད་པས། “རྫོང་ཚང་མར་སྦྲག་བསྐུར་དབྱེ་འབྱེད་ཁུལ་ཡོད་པ་དང་། ཤང་ཚང་མར་ལས་ཚིགས་ཡོད་པ། གྲོང་ཚོ་ཚང་མར་ཞབས་འདེགས་ཞུ་མཁན་ཡོད་པ”བཅས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འགྱུར་བའི་སྐུར་སྐྱེལ་དྲ་རྒྱའི་བཀོད་པ་ཞིག་རྒྱུན་ཆད་མེད་པར་བརྟན་དུ་དང་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད་པ་རེད།

    ལས་རྣམ་གསར་གཏོད་བྱེད་པའི་ཐད། རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་དུ་ལས་ཚིགས་ཁ་ཐོར་དུ་གནས་པ་དང་ཕན་ཚུན་ལམ་ཐག་རིང་བའི་ས་ཁོངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་བསྟར་གྱིས“སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས”དང“འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེས”ཀྱི་འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་ནས“ལས་ཚིགས་མང་པོ་ཟླ་སྒྲིལ་གཏོང་བ་དང་ལས་ཚིགས་གཅིག་ལ་ནུས་པ་མང་པོ་ལྡན་པའི”གཞི་རིམ་གྱི་སྐུར་སྐྱེལ་ཞབས་ཞུའི་ས་ཚིགས་བཙུགས་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་རྫོང(ཆུས)24དང་། ཤང་དང་གྲོང་རྡལ་74 སྒྲིག་ཚུད་གྲོང་ཚོ་53བཅས་སུ་འགྲུལ་ཟོག་སྦྲག་གསུམ་གྱི་མཉམ་ལས་བྱེད་ཀྱི་ཡོད་པ་དང་། རིམ་རྩིས་བརྒྱབ་ན་ཞབས་ཞུའི་ས་ཚིགས་150དང་། མཉམ་ལས་ཀྱི་སྤྱི་འཁོར་49 མཉམ་ལས་ཀྱི་ལམ་ཐིག་53བཅས་བསྐྱར་དུ་སྤྱད་ཡོད་པ་དང་། རིམ་རྩིས་བརྒྱབ་ན་ལས་སྒོ་སྒྲུབ་ཚད་ཁྲི་122.6ཟིན་ཡོད་པ་རེད།

    “བཅུ་གཅིག་ཟུང”དང“བཅུ་གཉིས་ཟུང”གི་མྱུར་སྐྱེལ་ལས་སྒོ་མང་བའི་དུས་ཚིགས་འཆར་ཉེར་ཡོད་ཅིང་། ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད། ད་ཐེངས་སྐུར་སྐྱེལ་བྱེད་མང་བའི་དུས་ཡུན་ཉིན་45ཡིན་པ་དང་སྐུར་སྐྱེལ་བྱེད་ཚད་སྔོན་དཔག་བྱས་ན་ཁྲི་2332ཟིན་རྒྱུ་རེད། མིག་སྔར་གོང་རིམ་གྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། མི་སྣ་བཀོད་སྒྲིག་དང་། སྐྱེལ་འདྲེན་བྱེད་ཤུགས་གྲབས་གསོག ཞབས་ཞུ་འགན་ལེན་སོགས་ཐད་ཀྱི་ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་བཏང་སྟེ་སྦྲག་བསྐུར་དང་མྱུར་སྐྱེལ་དུས་ཐོག་ཏུ་བདེ་འཇགས་ངང་སྐྱེལ་བར་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།