ཕུལ་བྱུང་སྣམ་བུའི་འཐག་རྩལ་ལས། རི་གྲོང་ཕྱུག་འགྱུར་ལམ་དུ་ཆས།
——ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་གྱི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི “སྤུས་ལེགས་ལག་ཤེས་ཐོན་རྫས”ཀྱིས་བུད་མེད་ཀྱི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པའི་སྐོར་བཀོད་པ།
ར་འོག་མཚོའི་ངོགས་ཀྱི་རྒྱལ་ལམ་318འགྲམ་དུ་གནས་པའི་འཁོར་ཁང་ནས་འཁེལ་འཐག་འཕྲུལ་འཁོར་གྱི་སྒྲ་གྲགས་ཤིང་། བལ་གསེད་པ་དང་། སྣམ་བུ་བཏགས་པ་བཅས་ཀྱི་ལས་རིམ་བརྒྱུད། བུད་མེད་ཚོས་རྩེར་སོན་ལག་རྩལ་ལ་བརྟེན་ནས་དེ་དག་ཕྱུ་པ་དང་སྐེད་རགས་བཟོས་ཏེ་འགྲེམས་ཁང་དུ་བཤམས་པ་མ་ཟད། ཡུལ་སྐོར་བའི་གྱོན་གོས་ལའང་གྱུར་ཡོད།
དེ་གར་ནི་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་གྱི་སྣམ་བུའི་མངོན་མིན་རིག་གནས་ཤུལ་བཞག་གླིང་ཡིན་ཞིང་། 2024ལོའི་ཟླ་8པར། དཔའ་ཤོད་རྫོང་སྣམ་བུའི་གྱོན་ཆས་ལས་སྣོན་ཚད་ཡོད་འགན་འཁྲི་ཀུང་སི་ར་འོག་གྲོང་ཚོར་བཙུགས་པ་དང་། འགན་འཁུར་བ་སྒྲོལ་མ་ནི་ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རོགས་སྐྱོར་བྱས་པའི་བུད་མེད་ཕྱུག་འགྱུར་སྣེ་ཁྲིད་པའི་གྲས་ཤིག་རེད། ལོ་གཉིས་ལྷག་ཙམ་རིང་། ཀུང་སིས་ཉེ་འཁོར་གྱི་མང་ཚོགས་61ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ནས་འབབ་འཕར་སྒོར་ཁྲི་60ཙམ་བྱུང་ཡོད།
ས་མཐོའི་གྲོང་ཚོའི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་ནང་གི་ལོ་ངོ་སྟོང་གི་ལག་ཤེས་དེ་ཞིང་འབྲོག་བུད་མེད་དེ་བས་མང་བའི་རྒྱུན་གཏན་གྱི་འཚོ་ཐབས་ཤིག་ཏུ་འགྱུར་བཞིན་ཡོད།
ལག་པ་འགུལ་ནས་མཉམ་ཤུགས་སྒྲིལ་བ།
ཀུང་སིའི་ཁྲིམས་བཀོད་འཐུས་མི་ཡིན་པ་ཕུད། སྒྲོལ་མར་ད་དུང་གོ་མིང་གཞན་ཞིག་ཡོད་པ་དེ་ནི་ཀུང་སིའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རེད། 2025ལོའི་ཟླ་7པར། ཁེ་ལས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་དངོས་སུ་བཙུགས་ནས་བུད་མེད་རོགས་རེས་མཉམ་སྐྱོད་དང་ལས་ཞུགས་ལས་གཏོད་ཀྱི་ལས་སྟེགས་བཏོད་པ་ལས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་ཐོན་ལས་འཕེལ་རྒྱས་ཁྲོད་བུད་མེད་ཀྱི་འཇོན་ཐང་འདོན་རྒྱུ་བྱུང་ཡོད།
གྲོང་གསེབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་ཞིག་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དེ་ཕྱོགས་མང་པོའི་སྟོབས་ཤུགས་ཀྱིས་གནད་སྨིན་མཐུན་རྐྱེན་སྦྱར་བ་དང་ཁ་འབྲལ་ཐབས་མེད། ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཕྱུག་འགྱུར་སྣེ་ཁྲིད་པ་རྒྱུན་མཐུད་གསོ་སྐྱོང་དང་རོགས་སྐྱོར་བྱས་ཏེ་རྩལ་ནུས་གསོ་སྦྱོང་དང་ཐོན་ཁུངས་འབྲེལ་མཐུད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་དང་། ས་གནས་དེ་གས་མ་དངུལ་བསྡུ་སྒྲིལ་བྱས་ནས་ཀུང་སིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་སྟེ་སྣམ་བུའི་མངོན་མིན་རིག་གནས་ཤུལ་བཞག་གླིང་དེ་ཉིད་ས་ཁོངས་ཧྲིལ་པོའི་རིག་གནས་ཡུལ་སྐོར་བཀོད་ཇུས་ནང་བཅུག་པ་དང་། ར་འོག་མཚོ་དང་ལ་སྒོ་འཁྱགས་རོམ་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་དྲ་ཕྱིའི་འགྲུལ་ཁུངས་རྒྱ་ཆེར་བཏང་བ་སོགས་ནང་བོད་སྐྱོར་སྟོབས་ཤུགས་ཀྱིས་འགག་རྩའི་ནུས་པ་ཐོན་ཡོད། ཧྥུའུ་ཅན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཞན་ཆ་གནད་སྨིན་བསལ་བ་དང་ལེགས་ཆ་ཆེ་རུ་བཏང་སྟེ་ཤེས་ལྡན་པ་གསོ་སྐྱོང་དང་། སྤུས་རྟགས་ཇུས་འགོད། ཁྲོམ་ར་རྒྱ་སྐྱེད་སོགས་ནས་ཐོན་ལས་རིམ་སྤོར་ལ་ཕྱོགས་ཡོངས་ནས་རམ་འདེགས་བྱས་ཡོད།
རྒྱུ་སྤུན་རེ་རེ་ལས་ལག་ཟུང་རེ་རེ་བཞིན་སྦྲེལ་བ་སྟེ། བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། བོད་སྐྱོར། གྲོང་ཚོའི་ལས་བྱེད་པ། ལག་ཤེས་པ་བཅས་མཉམ་དུ་སྦྲེལ་ཡོད། ཕྱོགས་མང་པོའི་མཉམ་ཤུགས་འོག་ལོ་ངོ་སྟོང་གི་སྣམ་བུའི་མངོན་མིན་རིག་གནས་ཤུལ་བཞག་ལ་སྐྱེ་སྟོབས་གསར་པ་རྒྱས་ནས་ས་མཐོའི་རིག་རྒྱུན་རང་སོར་འཇོག་ཐུབ་པ་མ་ཟད། མཐའ་མཚམས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པའང་བཏོད་ཡོད།
མཚོ་ངོགས་སུ་ལོ་ངོ་སྟོང་གི་ལག་ཤེས་ཀྱི་རྒྱུན་བསྐྱངས་ཏེ་བཀྲག་མདངས་གསར་པ་རྒྱས་པ།
དཔའ་ཤོད་དུ་སྣམ་བུར་ལྭ་བ་ཞེས་བརྗོད་པ་དང་། བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་འཁལ་འཐག་ཐོན་རྫས་དེར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན། ས་གནས་དེ་གའི་སྟོད་གོས་དང་། གོས་ཐུང་། ཞྭ་མོ། ཀམ་པ་ལི་སོགས་ཀྱང་དེ་དང་ཁ་འབྲལ་ཐབས་མེད་ལ་མནའ་མར་འགྲོ་མཁན་བུ་མོའི་སྐལ་བར་ཡང་སྣམ་ཆས་ཡག་པོ་ཆ་ཚང་གཅིག་ཡིན་ཅིག་དགོས་ཀྱི་ཡོད།
“སྤུན་འཁེལ་བ་དང་ཐགས་ཁྲིར་སྣམ་བུ་འཐག་པ་ནི་བུད་མེད་མང་པོར་ཆུང་དུས་ནས་རྒྱུས་མངའ་ཡོད་པའི་ལག་རྩལ་ཞིག་རེད། འོན་ཀྱང་སྔོན་ཆད་མང་ཆེ་བ་ཁྱིམ་ཚང་དུ་སྤྱོད་པ་ལས་ཐོན་ལས་སུ་འགྱུར་མེད་ལ་དེ་ལས་ཡོང་འབབ་ཀྱང་ཡག་པོ་རག་གི་མེད”ཅེས་ཆབ་མདོ་གྲོང་ཁྱེར་རིམ་པའི་སྣམ་ཆས་བཟོ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བསོད་གཡང་གིས་བཤད།
2023ལོ་ནས་འགྱུར་ལྡོག་བྱུང་འགོ་ཚུགས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་རྒྱས་ལ་སྦྲེལ་མཐུད་དང་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་སྒོར་ཁྲི་400ལྷག་ཙམ་དང་གྲོང་ཚོ་མཉམ་སྡེབ་ཀྱིས་མ་དངུལ་སྒོར་ཁྲི་60གྲབས་གསོག་བྱས་ཏེ། ར་འོག་གྲོང་ཚོར“སྣམ་བུའི་མངོན་མིན་རིག་གནས་ཤུལ་བཞག་གླིང”བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། ལག་རྩལ་འགྲེམས་སྟོན་དང་། ཐོན་སྐྱེད་ལས་སྣོན། ཡུལ་སྐོར་བའི་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་ནས་ཆབ་མདོའི་སྣམ་བུའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་འགྲེམས་སྟོན་ཁང་དང་པོར་གྱུར་ཡོད། 2024ལོའི་ཟླ་8པར་སྒྲོལ་མས་སྣེ་ཁྲིད་དེ་དཔའ་ཤོད་རྫོང་སྣམ་བུའི་གྱོན་ཆས་ལས་སྣོན་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ཏེ་ཁྲོམ་ར་ཅན་གྱི་གཉེར་སྐྱོང་བྱེད་སྟངས་ལ་བརྟེན་ནས་ཇུས་འགོད་དང་། ཐོན་སྐྱེད། ཕྱིར་ཚོང་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོ་ཤར་བགྲོད་ཐུབ་པར་བྱས་ནས་སྲོལ་རྒྱུན་གྱི་སྣམ་བུ་ཁྱིམ་ཚང་བཟོ་ཁང་ནས་ཚད་ལྡན་ཅན་གྱི་ཐོན་ལས་ལམ་བུར་སྐྱོད་ཐུབ་པར་བྱས་པ་རེད།
“དེ་སྔ་ཞིང་ལས་དང་དབྱར་རྩྭ་དགུན་འབུ་འཐུ་བ་ཁོ་ནར་བརྟེན་པས་ཡོང་འབབ་བརྟན་པོ་མེད། ད་ཆ་ཁྱིམ་གྱི་སྒོ་རྩར་ལས་ཀ་བྱས་ཏེ་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་བྱེད་ཐུབ་པ་མ་ཟད། ད་དུང་ཟླ་རེའི་གླ་ཆ་བརྟན་པོ་ཡོད་པས་ལག་ཤེས་དེ་དངོས་དངོས་རྗེན་རྗེན་གྱི་ཡོང་འབབ་ཏུ་གྱུར་ཡོད”ཅེས་འཁོར་ཁང་དུ་སྣམ་བུ་འཐག་བཞིན་པའི་ཚེ་བརྟན་སྒྲོལ་མས་འཛུམ་དམུལ་དམུལ་ངང་བཤད།
གླིང་གི་ཐོན་ལས་འཕེལ་རྒྱས་བྱུང་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཚོང་ལམ་རྒྱ་ཆེར་ཕྱིན་པ།
“སྣམ་བུའི་མངོན་མིན་རིག་གནས་ཤུལ་བཞག་གླིང”གིས་མི་འགྲོ་འོང་ཆེ་སར་འཁོར་ཁང་བཙུགས་པ་སྟེ། ར་འོག་གྲོང་ཚོའི་ཏང་དམངས་བྱེད་སྒོ་ལྟེ་གནས་ཀྱི་ཉེ་འཁོར་དང་རྒྱལ་ལམ་318དང་བར་ཐག་སྨི་400ཙམ་གྱི་སར་ཡོད་པ་རེད། ཡུལ་སྐོར་བས་སྒོ་ཕྱེ་མ་ཐག་བུད་མེད་ཚོས་སྤུན་འཁེལ་བ་དང་སྣུམ་བུ་འཐག་པ་མཐོང་ཐུབ། ཉམས་ལེན་ཁུལ་དུ་ལ་ལས་བོད་ཆས་གྱོན་ནས་པར་རྒྱག་པ་དང་། ལ་ལས་དེ་གར་སྤུན་འཁེལ་སྟངས་ཉམས་ལེན་བྱེད་པ་མ་ཟད། འགྲོ་ཁར་སྐེ་དཀྲིས་སམ་ཡང་ན་ཀམ་པ་ལི་ཉོ་གི་ཡོད། དེ་གར་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་འབྲེལ་མཐུད་ཐུབ་ཡོད།
“དེ་སྔ་དགུན་དཔྱིད་གཉིས་སུ་ལས་ཀ་མེད་པར་ཁྱིམ་དུ་སྡོད་ཀྱི་ཡོད། ད་ཆ་འཁལ་འཐག་ཁང་དུ་ལས་ཀ་ཡོད་པས་བློ་བདེ་པོ་འདུག”ཅེས་སྒྲོལ་མས་བཤད།
མངོན་མིན་རིག་གནས་ཤུལ་བཞག་གླིང་གིས་ཁེ་ལས་དང་མཉམ་འགུལ་བྱས་ཏེ་ཉེ་འཁོར་གྱི་ཞིང་འབྲོག་པ་61འཁལ་འཐག་དང་འཚེམ་བཟོ་སོགས་ཀྱི་ལས་ཀ་བྱེད་དུ་བཅུག་པ་དང་དེའི་ནང་བུད་མེད་54ཡོད་པ་མ་ཟད། ཁྲོམ་རའི་རིན་གོང་ལས་མཐོ་བའི་ངང་ས་གནས་དེ་གའི་བལ་ཉོ་སྒྲུབ་བྱེད་ཀྱི་ཡོད། ར་འོག་གྲོང་རྡལ་དུ་ར་འོག་མཚོ་དང་ལ་སྒོ་འཁྱགས་རོམ་སོགས་རིག་གནས་ཡུལ་སྐོར་ཐོན་ཁུངས་ལྡན་པ་དང་རྒྱལ་ལམ་318དེ་ནས་བརྒྱུད་ཡོད། གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་སྣེ་ཁྲིད་དེ“གྲོང་ཚོའི་མཉམ་སྡེབ་དང་། ཁེ་ལས། ཞིང་དུད”བཅས་ཟུང་འབྲེལ་གྱི་རྣམ་པ་བཏོད་དེ་ཁ་ཐོར་དུ་གནས་པའི་ལག་རྩལ་པ་སྒྲིག་འཛུགས་བྱས་པས་མངོན་མིན་རིག་གནས་ཤུལ་བཞག་དེ་འགྲེམས་རྫས་ནས་མྱོང་རོལ་དང་འཛད་སྤྱོད་ཐུབ་པའི་རིག་གནས་ཡུལ་སྐོར་ཐོན་རྫས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད།
ར་འོག་གྲོང་རྡལ་གྱི་ཀྲེན་ཀྲང་ཝུའུ་ཆི་མེང་གིས། དཀའ་ལས་ཁག་ཤོས་ནི་མི་སྣ་སྐུལ་སློང་བྱ་རྒྱུ་དེ་མིན་པར་ཐོན་རྫས་རིན་གོང་མཐོ་པོས་འཚོང་རྒྱུ་དང་མངགས་ཐོ་བརྟན་པོ་རག་རྒྱུ་དེ་རེད། “ལག་རྩལ་དང་། ཚོང་ལམ། ཤེས་ལྡན་པ་བཅས་གང་རུང་ལ་ལྷོད་གཡེང་བྱུང་ཚེ་ཐོན་ལས་འཕེལ་རྒྱས་འགྲོ་མི་ཐུབ”ཅེས་བཤད།
འགྲེམས་ཁང་དུ་ལ་ཁའི་ཉི་འོད་འཕྲོས་ཤིང་། བསོད་གཡང་གིས་གླ་ཆ་དང་པོ་རག་སྐབས“ནང་མི་ཚང་མར་ལག་རྟགས་རེ་ཉོས་པ་ཡིན”ཞེས་བཤད་མ་ཐག་འཁོར་ཁང་ནང་དགོད་སྒྲས་ཁེངས། རྒྱུ་སྤུན་ལས་ལོ་ངོ་སྟོང་གི་ལག་རྩལ་གྱི་རྒྱུན་བསྐྱངས་ཡོད་ལ། ས་མཐོའི་བུད་མེད་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བའི་རྒྱུན་ཡང་བསྐྱངས་ཡོད།
འབྲེལ་ཡོད་གསར་འགྱུར།