ཁོང་ཚོས་མཐའ་མཚམས་སྐོར་གཡེང་གི་གོམ་སྟབས་སྤོ་མཚམས་གཏན་ནས་འཇོག་མྱོང་མེད།

འདི་ནི་མཐའ་མཚམས་སྐོར་གཡེང་ས་ཚིགས་སུ། བདེ་མཆོག་གྲོང་ཚོའི་མཐའ་སྲུང་མང་ཚོགས་ཀྱིས་ཁ་བ་བུ་ཡུག་ཁྲོད་གུར་འབུབས་བཞིན་པ།
དགུན་ཁ་ཤར་ནས་ཀུན་གྱི་འགྲོ་འདུག་ཉུང་དུ་ཕྱིན་ཡང་། བདེ་མཆོག་གྲོང་ཚོའི་མཐའ་སྲུང་བ་བུ་ཆུང་ཚེ་རིང་དང་ཁོང་གི་ལས་རོགས་ཚོས་སྔར་རྒྱུན་བཞིན་ཞོགས་པ་སྔ་པོ་ནས་རྡོག་ཐོན་བྱས་ཏེ་མཐའ་མཚམས་སུ་སྐོར་གཡེང་བྱས་པ་དང་། ཁ་བ་བབས་ནས་རི་ལམ་བཀག་ཀྱང་མཐའ་མཚམས་སྐོར་གཡེང་གི་གོམ་སྟབས་སྤོ་མཚམས་གཏན་ནས་འཇོག་མྱོང་མེད། ཤེས་རབ་རྒྱ་མཚོས་སྨན་སྒམ་ཁུར་ནས་དུད་ཚང་རེ་རེར་བསྐྱོད་དེ་སྐོར་སྐྱོད་སྨན་བཅོས་བྱས་པ་དང་། མཐོ་ཞིང་གྲང་ལ་གསོ་རླུང་དཀོན་རྐྱེན་མཐའ་སྲུང་བ་རྒན་རབས་ཚོའི་གཟུགས་པོར་ན་ཚ་མང་པོ་བཟོས་ཡོད་པས་ཁོང་བློ་བདེ་པོ་ཡེ་ནས་མེད། “ཡུལ་གཞན་གྱི་མི”ལུའོ་ཆི་མིང་གིས་བྱ་ཚང་ཞིག་གསོ་བྱེད་བཞིན་འདུག ཉིན་ཤས་གོང་ཁོང་གིས་ཞིང་ལས་གྲོང་གསེབ་སྡེ་ཚན་དང་འབྲེལ་གཏུག་བྱས་ནས་སང་ལོའི་དཔྱིད་ཀར་བྱ་ཕྲུག་ཁག་གཅིག་ནང་འདྲེན་བྱས་ཏེ་ཡུལ་མི་ཚོའི་སྣེ་ཁྲིད་ནས་ཕྱུག་འགྱུར་ལམ་བུ་དེ་བས་ཡངས་སུ་གཏོང་རྩིས་ཡོད་པ་རེད།
མངའ་རིས་ས་ཁུལ་སྒར་རྫོང་བདེ་མཆོག་གྲོང་ཚོར། མཐའ་སྲུང་བ་འདི་དག་གིས་ལྗོན་ཤིང་འོམ་བུ་ཇི་བཞིན་མཐའ་མཚམས་སུ་གཞི་ཚུགས་ཏེ་རྒྱལ་གཅེས་དང་། ལྷག་བསམ། བློ་བརྟན། མཐུན་སྒྲིལ་བཅས་ལ་བརྟེན་ནས་གཞོམ་གཞིག་བྲལ་བའི“ཤ་ཁྲག་གི་ལྕགས་རི་རིང་པོ”ཞིག་བསྐྲུན་ཡོད་པ་རེད།
འབྲོག་པ་མི་རབས་གསུམ་གྱིས་མཐའ་མཚམས་སྲུང་བ།
1999ལོར་སྐྱེས་པའི་བུ་ཆུང་ཚེ་རིང་ནི་ས་གནས་དེ་གའི་མི་ཚང་མས་ངོ་ཤེས་པའི་མཐའ་སྲུང་བ་རྒན་གྲས་དགྲ་འདུལ་གྱི་ཚ་བོ་ཡིན། ལོ་ན་ཆུང་དུས་སུ། ཁོང་སྤོ་བོ་ལགས་དང་མཉམ་དུ་ཕྱུགས་འཚོ་རུ་ཕྱིན་ཡང་། “མཐའ་མཚམས་སྐོར་སྲུང”ཞེས་པའི་ཡིག་འབྲུ་བཞིའི་ནང་དོན་གསལ་པོར་ཤེས་ཀྱི་མེད། ཡིན་ན་ཡང་སྤོ་བོ་ལགས་ཀྱིས་རྟག་ཏུ་ཁོང་ལ“སྐོར་གཡེང་བྱེད་སྐབས་རྐང་འོག་གི་ལམ་དང་ཕྱོགས་བཞིར་མང་ཙམ་ལྟ་དགོས། གལ་སྲིད་ངོ་མི་ཤེས་པའི་མི་མཐོང་ན་མི་རྒན་པར་ཤོད་དགོས”ཞེས་ཁ་ཏ་བྱེད་ཀྱི་ཡོད།
སྤོ་བོས་མི་ཚེ་གང་བོར་མཐའ་མཚམས་བསྲུངས་པས་སྤོ་བོའི་ཤུགས་རྐྱེན་འོག“རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་བ”ཞེས་པའི་ཡིག་འབྲུ་བདུན་པོ་བུ་ཆུང་ཚེ་རིང་གི་སེམས་གཏིང་དུ་ཟུག་ཡོད། ད་ཆ་སྤོ་བོ་དང་། ཨ་ཕ། བུ་བཅས་མི་རབས་གསུམ་གྱིས་གཅིག་རྒྱུན་གཅིག་འཛིན་བྱས་ནས་མཐའ་མཚམས་སུ་སྐོང་གཡེང་བྱས་པའི་གཏམ་རྒྱུད་དེ་བདེ་མཆོག་གྲོང་ཚོའི་བསྔགས་བརྗོད་བྱ་ཡུལ་དུ་གྱུར་ཡོད།
བུ་ཆུང་ཚེ་རིང་ནི་ཕྲུ་གུ་གསུམ་གྱི་ཨ་ཕ་ཡིན་པ་དང་། ཁོང་དང་ཆུང་མ། ཨ་ཕ་བཅས་ཚང་མ་མཐའ་སྲུང་བ་ཡིན། ཁྱིམ་ཚང་དང་མཐའ་སྲུང་ལས་འགན་གཉིས་ཀར་འཐུས་ཤོར་མི་འགྲོ་བའི་ཆེད། ནང་མི་ལ་ལས་མཐའ་མཚམས་ས་ཚིགས་བརྟན་སྲུང་བྱེད་པ་དང་། ལ་ལས་ཁྱིམ་གྱི་ནོར་ལུག་འཚོ་བ། ལ་ལས་བུ་ཕྲུག་སློབ་གྲྭར་སྐྱེལ་གྱི་ཡོད། དེ་ལྟར་དུས་ཚིགས་བཞི་པོར་གནམ་གཤིས་གང་འདྲ་བསྟན་ཡང་མཐའ་སྲུང་གི་ལས་ལ་རྩེ་གཅིག་ཏུ་གཞོལ་བས། མཐའ་མཚམས་ཀྱི་འབྲོག་ལམ་རེ་རེ་དང་། མཐའ་མཚམས་ཀྱི་སྐོར་སྲུང་ས་ཚིགས་ཚང་མ་རང་ཉིད་ཀྱི་ཁྱིམ་ལྟར་ས་འདྲིས་ལམ་འདྲིས་སུ་གྱུར།
2018ལོར། བདེ་མཆོག་གྲོང་ཚོས་མངའ་རིས་ས་ཁུལ་གྱི་གྲོང་ཚོའི་ལོ་རྒྱུས་ཁང་དང་པོ་བསྐྲུན་པ་རེད། ཁོམ་ལོང་བྱུང་སྐབས་བུ་ཆུང་ཚེ་རིང་གིས་ཕྲུ་གུ་ཚོ་ཁྲིད་ནས་དེ་གར་བསྐྱོད་དེ་གྱང་ངོས་སུ་སྦྱར་བའི་ཡང་མེས་དགྲ་འདུལ་དང་། སྤོ་བོ་བསོད་ནམས་ཚེ་རིང་། ཨ་ཅག་ཉི་སྐྱིད་སོགས་གཉེན་ཉེ་ཚོའི་འདྲ་པར་མཐོང་སྐབས། ཕྲུ་གུ་ཚོ་དགའ་སྤྲོས་མྱོས་ནས་ཡར་འདྲི་མར་འདྲི་མང་པོ་བྱས། སྐབས་དེར་བུ་ཆུང་ཚེ་རིང་གིས་གྲོང་མི་ཚོས་མཐུན་སྒྲིལ་བྱས་ནས་མཐའ་མཚམས་སྲུང་བའི་གཏམ་རྒྱུད་ཕྲུ་གུ་ཚོར་བཤད།
བུ་ཆུང་ཚེ་རིང་གིས“ང་ཚོའི་རྐང་འོག་གི་ནེའུ་གསིང་སྦར་གང་དང་ས་རྡོ་རྡོག་གཅིག་ཚང་མ་མེས་རྒྱལ་གྱི་ས་ཆ་ཡིན་ཞེས་སྤོ་བོས་ང་ལ་བཤད་མྱོང་ཡོད། ད་ཆ། མཐའ་མཚམས་སྲུང་བའི་ལས་འགན་ལྕི་པོ་དེ་ངའི་ཕྲག་ཐོག་ཏུ་བབས་ཡོད། འབྱུང་འགྱུར་ཕྲུ་གུ་ཚོས་ཀྱང་ངའི་རྒྱུན་འཛིན་བྱེད་ཀྱི་རེད”ཅེས་བཤད།
མཐའ་སྲུང་བའི་བདེ་ཐང་ལ་སྲུང་སྐྱོང་བྱེད་པ།
ཤེས་རབ་རྒྱ་མཚོ་ནི་བཀྲ་ཤིས་སྒང་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཡིན་ཞིང་། ཆུང་དུས་ནད་ཕོག་པའི་རྐྱེན་གྱིས་རྐང་པ་ཐང་པོ་མེད་ཀྱང་། སྨན་པ་ཞིག་ཡིན་པས་ལོ་མང་པོ་དེ་དག་རིང་ཁོང་གིས་མཐའ་མཚམས་གྲོང་ཚོར་བསྐྱོད་པའི་གོམ་སྟབས་མཚམས་འཇོག་མྱོང་མེད།
“བདེ་མཆོག་གྲོང་ཚོའི་མང་ཚོགས་རྣམས་ས་ཆ་གཞན་གྱི་མང་ཚོགས་དང་འདྲ་ཡི་མ་རེད། ཁོང་ཚོས་འབྲོག་ལས་བྱེད་དགོས་ལ་ཞིང་ལས་ཀྱང་བྱེད་དགོས་པ་མ་ཟད། ད་དུང་མཐའ་སྲུང་མཐའ་བརྟན་གྱི་ལས་ལའང་ཞུགས་དགོས་ཀྱི་ཡོད། མཐའ་མཚམས་ཀྱི་ལམ་ཐིག་རིང་བའི་ཁར་ས་བབ་མཐོ་བས་ཐོལ་བྱུང་གནས་ཚུལ་ཡང་སེ་ཐོན་གྱི་ཡོད། ཁོང་ཚོས་རྒྱལ་ཁབ་ས་ཆའི་བདེ་འཇགས་སྲུང་གི་ཡོད་པས། ཁོང་ཚོའི་བདེ་ཐང་ཡག་པོ་བསྲུང་རྒྱུ་ནི་སྨན་པ་ཞིག་གི་ངོས་ནས་བཤད་ན་གལ་ཆེན་པོ་རེད”ཅེས་ཤེས་རབ་རྒྱ་མཚོས་གསར་འགོད་པར་བཤད།
ཤེས་རབ་རྒྱ་མཚོ་ནི་རྩྭ་མདའ་རྫོང་བྱང་རྩེ་ཤང་ནས་ཡིན་ཞིང་། ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་གི་བུ་ཕྲུག་ཡིན་པའི་ཁོང་གིས་སློབ་གཉེར་གྱི་གོ་སྐབས་ནི་ལས་སླ་པོར་རག་པ་ཞིག་མིན་པ་གསལ་པོར་ཤེས་ཀྱི་ཡོད། སྔོན་མ་ཁོང་དང་གཅུང་མོ་གཉིས་ཀ་སློབ་ཆེན་དུ་རྒྱུགས་འཕྲོད་ཀྱང་ཁྱིམ་གྱི་འཁོས་ཀ་ཞན་པས། ཕ་མ་གཉིས་ཀྱིས་སློབ་གཉེར་གྱི་གོ་སྐབས་གཅིག་པུ་དེ་ཁོང་ལ་གནང་། ནང་མིའི་རེ་བ་ཁོག་ཏུ་བཅངས་ཤིང་བཀའ་དྲིན་མ་བརྗེད་པར་ཁོང་གིས་ལྷ་སར་སློབ་སྦྱོང་དང་སྨན་བཅོས་ལག་རྩལ་ལ་སྦྱངས་པ་རྩེ་གཅིག་ཏུ་བྱས་ནས་སློབ་གྲྭ་ཐོན་རྗེས་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་རྣམས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་ཐུབ་པའི་དམ་བཅའ་སྙིང་ལ་བརྐོས།
2014ལོར་ཤེས་རབ་རྒྱ་མཚོ་སྒར་རྫོང་བཀྲ་ཤིས་སྒང་ཤང་གི་འཕྲོད་བསྟེན་ཁང་ལ་རྒྱུགས་འཕྲོད། དེ་ནས་བཟུང་ཁོང་གིས་སྨན་སྒམ་ཁུར་ནས་མཐའ་སྲུང་མང་ཚོགས་ལ་སྨན་བཅོས་བྱེད་པའི་ལས་ལ་གཞོལ།
ལོ་འཁོར་མོར་ས་བབ་མཐོ་སར་མཐའ་སྲུང་སྐོར་གཡེང་བྱེད་པར་སྐྱོད་མཁན་མི་ཉུང་བ་ཞིག་ལ་གྲུམ་བུའི་ནད་ཕོག་ཡོད་ལ་ཁྲག་ཤེད་ཀྱང་མཐོ་པོ་ཡོད། ཁོང་ཚོའི་གནས་ཚུལ་མཐོང་སྐབས་ཤེས་རབ་རྒྱ་མཚོ་སེམས་ཀྱིས་མ་བཟོད་པར་རྟག་པར་དུད་ཚང་དུ་བསྐྱོད་ནས་ནད་གཞི་འདྲི་བ་དང་། བརྟག་དཔྱད་སྨན་བཅོས་དང་རྗེས་སྙེག་དྲག་སྐྱེད་ཡོང་ཐབས་བྱེད་པ་སོགས་ཀྱི་རྒྱུན་བསྐྱངས།
2024ལོར་བདེ་མཆོག་གྲོང་ཚོའི་འཕྲོད་བསྟེན་ཁང་གསར་པ་བསྐྲུན་ཟིན་ཞིང་། སྔར་ཡོད་ཀྱི་གྲོང་ཚོའི་སྨན་པ་4ཡི་སྒང་ལ་སླར་ཡང་གསོ་རིག་སློབ་མ་2བསྡུས། མིག་སྔར་མངའ་རིས་ས་ཁུལ་གྱིས་དམ་ཟབ་རྣམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བཞིན་ཡོད་པས། ནད་བརྟག་སྨན་བཅོས་ཕུད་ཁོང་ལ་ད་དུང་ལས་འགན་གསར་པ་ཞིག་ཀྱང་མང་དུ་ཕྱིན་ཡོད།
“འཕྲོད་བསྟེན་ཁང་གི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་སྒོ་གསོ་སྦྱོང་བྱེད་པ། འཚམ་མཐུན་གྱི་ལག་རྩལ་ཁྱབ་གདལ་གཏོང་བ། གྲོང་ཚོར་བསྐྱོད་ནས་སྨན་བཅོས་བྱེད་པ་བཅས་ཚང་མར་སེམས་ཁྲལ་བྱེད་དགོས་ཀྱི་འདུག་ལ། དེ་དག་ཚང་མ་དོན་འཁྱོལ་ཡང་ཡག་པོ་བྱེད་དགོས། དེ་ནི་གྲོང་མིའི་བདེ་ཐང་དང་མཐའ་བརྟན་བྱ་གཞག་དང་འབྲེལ་བའི་དོན་ཆེན་ཞིག་རེད”ཅེས་ཤེས་རབ་རྒྱ་མཚོས་བཤད་པ་དང་། ཁོང་གིས་ཆ་སྙོམས་ཟླ་རེར་བདེ་མཆོག་གྲོང་ཚོར་སྨན་བཅོས་འཕྲོད་བསྟེན་ལས་དོན་སྤེལ་བར་ཐེངས་གསུམ་ནས་བཞི་བར་འགྲོ་ཡི་ཡོད།
ཁོང་གི་མཛུབ་ཁྲིད་འོག་བདེ་མཆོག་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྒྲིག་བཀོད་སྒྲིག་ཆས་དང་སྨན་པའི་ནད་བརྟག་སྨན་བཅོས་ཀྱི་ཆུ་ཚད་གཉིས་ཀ་ལེགས་སུ་ཕྱིན་ཡོད།
གྲོང་མི་ཀརྨ་ཆོས་གྲགས་ནི་མཐའ་སྲུང་བ་ཞིག་ཡིན་ཞིང་། འདུས་འདྲིལ་རུས་གཅོང་གི་གཤག་བཅོས་བྱེད་མྱོང་ཡོད། ཤེས་རབ་རྒྱ་མཚོས་ཁོང་ལ་སྨན་བཅོས་བྱས་པས་ད་ཆ་ཁོང་སླར་ཡང་མཐའ་མཚམས་སྐོར་གཡེང་བྱེད་པར་བསྐྱོད་ཐུབ་ཀྱི་ཡོད། ཀརྨ་ཆོས་གྲགས་ཀྱིས། “སྨན་པ་ཤེས་རབ་ལགས་ཀྱིས་ང་ཚོ་ཚང་མ་རང་ཉིད་ཀྱི་གཉེན་ཉེར་བརྩིས་ཏེ་རྟག་ཏུ་ཁྱིམ་ལ་ཡོང་ནས་ཚང་མའི་གཟུགས་པོའི་གནས་ཚུལ་རྒྱུས་ལོན་བྱེད་ཀྱི་ཡོད། ཁོང་གི་སྨན་བཅོས་དང་ལྕག་སྐུལ་འོག་ང་རང་ཡང་དྲག་སྐྱེད་ཡག་པོ་བྱུང”ཞེས་བཤད།
“ཡུལ་གཞན་གྱི་མི”བདེ་མཆོག་ཏུ་གཞིས་ཆགས་པ།
1981ལོར་སྐྱེས་པའི་ལུའོ་ཆི་མིང་ནི་མཚོ་སྔོན་ཞིང་ཆེན་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ནས་ཡིན་མོད། ད་ཆ་ཁོང་གིས་ང་ནི་བདེ་མཆོག་ནས་ཡིན་ཞེས་འཛུམ་དམུལ་དམུལ་ངང་ཤོད་ཀྱི་ཡོད།
2009ལོའི་ལོ་མཇུག་ཏུ་ལུའོ་ཆི་མིང་དང་ལས་རོགས་སྐོར་ཞིག་བདེ་མཆོག་ཏུ་ལས་ཀར་ཡོང་། སྐབས་དེ་དུས་བདེ་མཆོག་གྲོང་ཚོའི་བུ་མོ་ཉི་སྐྱིད་ཀྱིས་རང་ཁྱིམ་དུ་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ཡོད་པ་དང་ཆབས་ཅིག ཡུལ་མི་ཚོར་ཇ་དང་ལྟོ་ཆས་སྟབས་བདེ་རེ་བཟོས་ནས་འཚོང་གི་ཡོད། ལུའོ་ཆི་མིང་ལས་ཞོར་དུ་རྟག་ཏུ་དེ་གར་ལྟོ་ཆས་ཟ་བར་ཡོང་གི་ཡོད།
སྐབས་དེ་དུས་ལོ་25ཡིན་པའི་ཉི་སྐྱིད་ཀྱི་རྐང་པ་གཡོན་མ་འཐེང་པོ་ཡིན་ནའང་ཁ་འབྲས་མཚར་ལ་གཤིས་ཀ་ཡག་པོ་ཡོད། ཁོ་མོས་རྟག་ཏུ་ལུའོ་ཆི་མིང་དང་ལས་རོགས་ཚོར་ཇ་བསྲུབས་མ་ཇ་དམ་གང་ཐོལ་པ་སྟེར་གྱི་ཡོད། དེ་ལྟར་ཕན་ཚུན་འབྲེལ་འདྲིས་བྱུང་རྗེས་མཐར་ཁོང་གཉིས་དབར་ལས་འཕྲོའི་མདུད་པ་ཐེབས་ཏེ་2010ལོར་གཉེན་སྒྲིག་བྱས།
དང་ཐོག་བཟའ་ཚོ་གཉིས་གཉེན་སྒྲིག་བྱས་རྗེས་མཚོ་སྔོན་དུ་ལོག་རྒྱུའི་འཆར་གཞི་ཡོད་མོད། འོན་ཀྱང་ངང་རྒྱུད་རིང་བའི་ཉི་སྐྱིད་དང་སེམས་རྩ་འཁོལ་བའི་ཡུལ་མི་སྤུན་ཟླ་ཚོས་ཁོང་ལ་དྲོད་འཁོལ་སྦྱིན་ཞིང་། ལྷག་པར་དུ་མཐའ་སྲུང་སྐོར་གཡེང་ཐེངས་དང་པོ་བྱེད་སྐབས་ཁོང་ལ་སེམས་འགུལ་ཚད་མེད་ཐེབས་ནས་ཐོག་མའི་འཆར་གཞིར་འགྱུར་ལྡོག་བྱུང་།
ཉིན་དེར་གྲོང་ཚོའི་ཡུལ་དམག་ཚོས་ལུའོ་ཆི་མིང་ཁྲིད་ནས་ས་བབ་སྨི་5000ལྷག་ཙམ་ཡོད་པའི་མཐའ་མཚམས་སྐོར་གཡེང་བྱ་ཡུལ་དུ་བསྐྱོད། གྲང་ལྷགས་ནི་སྤུ་གྲི་ངར་མ་ཞིག་དང་འདྲ་བར་འུར་འུར་དུ་ལྡང་བས་གདོང་པར་ན་ཟུག་ཀྱང་གཏོང་བར་བྱེད། ལྷགས་པ་ཚ་དྲགས་པས་གུར་ཐེབས་ཆག་ཅིག་ཡོད་པ་དེའང་འཁྱེར་གྲབས་ཐེངས་འགའ་བྱས། ཉིན་ཁ་ཤས་སོང་རྗེས་ཡུལ་དམག་འགར་ཆམ་པ་ཕོག་ནས་གཅིག་མཇུག་གཉིས་མཐུད་ངང་ཕྱིར་འཐེན་བྱེད་དགོས་འཁེལ་བས་མཐར་ལ་རྩེར་ཁོང་གཅིག་པུ་ལས་ལྷག་མེད། མཚན་མོ་ཁོང་གིས་གྱོན་པ་མཐུག་པོ་ཞིག་གྱོན་ནས་ཐབ་ཀའི་འགྲམ་དུ་བསྡད་དེ་མཚན་གང་བརྒྱབ་པའི་ལྷགས་པ་ཆེན་པོའི་སྒྲ་ལ་རྣ་བ་བླགས།
སྐབས་དེ་དུས་སེམས་ལ་ག་རེ་བསམ་ཡོད་མེད་འདྲི་སྐབས་ལུའོ་ཆི་མིང་གིས“སྐྲག་བྱུང་ལ་ཡུལ་པོའང་བྱུང་། འོན་ཀྱང་ཡུལ་མི་ཚོས་ལོ་བཅུ་གྲངས་ཉིན་གཅིག་ལྟར་དཀའ་སྡུག་ཆེ་བའི་ས་ཆ་འདིར་བསྡད་ནས་རྒྱལ་ཁབ་ས་ཆའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དྲན་སྐབས་སེམས་གཏིང་ནས་ཁོང་ཚོར་དད་གུས་སྐྱེས་བྱུང་། ལོ་ཆུང་དུས་དམག་ལ་ཞུགས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་འདོད་ཆེན་པོ་ཡོད། འོན་ཀྱང་ཕུགས་འདུན་དེ་མངོན་འགྱུར་ཐུབ་མ་བྱུང་། ད་ཆ་འདི་གར་ཡུལ་དམག་དང་མཐའ་སྲུང་བ་ཞིག་བྱས་ནའང་དམག་མི་དང་འདྲ་བར་ཁྱིམ་སྲུང་རྒྱལ་སྐྱོབ་བྱེད་ཐུབ”ཅེས་བཤད།
རྒྱུ་མཚན་དེ་དག་དབང་གིས་ལུའོ་ཆི་མིང་བདེ་མཆོག་གྲོང་ཚོར་གཞིས་ཆགས་པ་མ་ཟད་ད་དུང་ཨ་མའང་ཚུར་བསུས་ཡོད།
ལོ་16ས་ཆ་འདིར་འཚོ་བ་བསྐྱལ་བའི་ཁོང་གིས་སྔ་ས་ནས་བདེ་མཆོག་གྲོང་ཚོ་རང་ཉིད་ཀྱི་ཕ་ཡུལ་ལ་བརྩི་ཡི་ཡོད། ཁོང་གིས“ངས་བདེ་མཆོག་གི་བུ་མོ་མནའ་མར་བླངས་པས་ང་ཡང་བདེ་མཆོག་གྲོང་ཚོའི་མི་རེད། རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དེ་ནི་རང་ཉིད་ཀྱི་ཁྱིམ་ཚང་སྲུང་བ་དང་གཅིག་པ་རེད”ཅེས་བཤད།
སྐྱེ་བོ་མི་འདྲ་བ་གསུམ་མཐའ་མཚམས་སྐོར་གཡེང་གི་ལམ་བུ་གཅིག་ཏུ་བཞུད་བཞིན་ཡོད། ཁོང་ཚོ་ནི་བདེ་མཆོག་གྲོང་ཚོའི་གྲོང་མིའི་བསྡུས་རིས་རེད་ལ། མངའ་རིས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་མཐའ་སྲུང་མཐའ་བརྟན་གྱི་ལས་ལ་ཞུགས་པའི་མཚོན་ཚུལ་གསོན་ཉམས་དོད་པོ་ཞིག་ཀྱང་རེད། ཁོང་ཚོས་གྲང་ངར་དང་དཀའ་སྡུག་ཁུར་དུ་བཟོད་ཅིང་། གངས་འཁྱག་ཆར་རླུང་ལ་མི་འཛེམས་པར་ཉིན་ནས་ཟླ་དང་ཟླ་ནས་ལོ་བསྟུད་དེ་རྒྱལ་ཁབ་ཀྱི་ས་ཆ་བརྟན་སྲུང་བྱས་པ་དང་། རང་ཉིད་ཀྱི་མེ་སྟག་ཕྲ་མོར་བརྟེན་ནས་མཐའ་སྲུང་གི་འོད་ཀྱི་གོང་བུ་གཅིག་ཏུ་བསྡུས་ཏེ་ཚེ་གང་ལྷག་བསམ་རྣམ་དག་དང་སྤྲོ་སེམས་ཆེན་པོས་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་སྲུང་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།