མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་ཁྱིམ་ཚང་གཅིག་བསྐྲུན་པ།
—— ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་ཁྲོམ་གཞུང་ས་མཐོའི་སེ་འབྲུ་དམར་པོ་མི་རིགས་མཐུན་སྒྲིལ་སྒོ་རར་བཅར་འདྲིར་བསྐྱོད་པ།

འདི་ནི་གསེར་རྙེད་ཆུས་ནག་ཆུ་ཁྲོམ་གཞུང་ས་མཐོའི་སེ་འབྲུ་དམར་པོའི་མི་རིགས་མཐུན་སྒྲིལ་སྒོ་རའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོག་ཡུལ་ཡིན་པ།

འདི་ནི་གསེར་རྙེད་ཆུས་ནག་ཆུ་ཁྲོམ་གཞུང་ས་མཐོའི་སེ་འབྲུ་དམར་པོའི་མི་རིགས་མཐུན་སྒྲིལ་གྱི་སྒོ་རའི་ནང་མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་དུས་ཆེན་གཏོང་བཞིན་པ།
ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་ཁྲོམ་གཞུང་དར་ཆ་ལྷ་མོ་སྡེ་ཁུལ་དུ་སྲིད་གཞུང་དང་ཁེ་ལས་ཀྱིས་མཉམ་དུ་བཏོད་པའི“ས་མཐོའི་སེ་འབྲུ་དམར་པོ་མི་རིགས་མཐུན་སྒྲིལ་གྱི་སྒོ་རར”བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཏུང་ཞང་རིགས། ས་ལར་རིགས་བཅས་མི་རིགས་5ཡི་མང་ཚོགས་245མཉམ་སྡོད་མཉམ་སྦྱོང་དང་མཉམ་ལས་མཉམ་སྤྲོ་བྱས་ནས་ཕན་ཚུན་མཉམ་འདྲེས་ཀྱི་འཆམ་མཐུན་རྣམ་པ་ཞིག་ཆགས་ཡོད།
སྒོ་རའི་འགན་འཁུར་བ་ཐིའེ་ཞའོ་ལིན་ནི་ཀན་སུའུ་ལིན་ཞ་ནས་ཡིན་པའི་ཧུད་རིགས་སྤུན་ཟླ་ཞིག་ཡིན་པ་དང་། ད་ཆ་བོད་ལྗོངས་ནག་ཆུ་ཤཏུང་ཧྲན་བཟོ་ཚོང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་གི་འགན་འཁུར་བཞིན་ཡོད་པ་རེད། 2001ལོར་ལོ་17ལ་སླེབས་པའི་ཁོང་གིས་སྒོར་700ཁྱེར་ནས་ཉིན་བདུན་བརྒྱད་ཙམ་ཟོག་འདྲེན་རླངས་འཁོར་ལ་བསྡད་དེ་ནག་ཆུར་ཡོང་། “ཐོག་མར་འདིར་རྐང་ཤུབས་བཙོངས་ནས་བསྡད་པ་ཡིན། སྐབས་དེར་ལག་པ་འཁྱགས་སྦོས་ཐེབས་ནས་ཁྲག་ཀྱང་དོན་ཡོང་གི་འདུག”ཅེས་ཐིའེ་ཞའོ་ལིན་གྱིས་ཕྱིར་དྲན་བྱེད་བཞིན་དུ་བཤད།
དཀའ་ཚེགས་ཆེ་བའི་ཉིན་མོ་དེ་དག་གི་རིང་བོད་རིགས་རྨོ་ལགས་ཤིག་གིས་ཁོང་ལ་ཟླ་བདུན་ཙམ་ལྟ་རྟོག་བྱས་ནས་ཉིན་ལྟར་འོ་མ་དང་རྩམ་པ་སྐྱེལ་གྱི་ཡོད། སོག་རྫོང་དུ་དབྱར་རྩྭ་དགུན་འབུ་བརྐོ་བར་སྐྱོད་སྐབས་ཆུ་རུད་ཐོན་པ་དང་འཁེལ་བས་བོད་རིགས་སྤུན་ཟླ་བཀྲ་ཤིས་ཀྱིས་ཁོང་ཉིན་6ཁྱིམ་དུ་ཉར་བ་དང་མཐར་རྟ་ལ་བསྐྱོན་ནས་ཆུ་ཚོད་11ཙམ་གྱི་སར་བསྐྱལ་རྗེས་གཞི་ནས་ཉེན་ཁ་ལས་ཐར།
“ང་རང་ནག་ཆུར་སླེབས་མ་ཐག་པའི་སྐབས་སུ་མི་མང་པོས་རོགས་རམ་བྱས་བྱུང་། ད་ཆ་རང་ཉིད་ལ་ནུས་པ་ཡོད་པས་མི་དེ་བས་མང་བར་རོགས་རམ་བྱེད་དགོས་ངེས་རེད”ཅེས་ཁོང་གིས་བརྗོད་ཅིང་། བབ་ཆགས་པའི་དྲིན་ཚོར་གྱི་བསམ་པ་དེས་ཁོང་ལ་ལས་བཟང་སྒྲུབ་པར་འཛད་མཐའ་མེད་པའི་སྒུལ་ཤུགས་ཤིག་སྦྱིན་བཞིན་ཡོད།
ནག་ཆུ་ཁྲོམ་གཞུང་ཁོངས་གཏོགས་ཁུལ་དུ་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་འཛུགས་སྐྲུན་པ་དང་། ཚོང་པ། ལས་མི་སོགས་མི་མང་པོ་འདུས་ཡོད། ཐིའེ་ཞའོ་ལིན་གྱིས་ཁོངས་གཏོགས་ཁུལ་གྱི་ཕྱི་ནས་ཡོང་བའི་མང་ཚོགས་མང་པོ་ཞིག་ལ་ཁང་པ་གླ་དཀའ་བ་དང་། སྡོད་ཁང་གི་ཆ་རྐྱེན་ཞན་པ། མི་རིགས་མི་འདྲ་བའི་དབར་སྤེལ་རེས་ཀྱི་ལས་སྟེགས་མེད་པ། ཐ་ན་འཚོ་བའི་གོམས་གཤིས་མི་འདྲ་བའི་རྐྱེན་གྱིས་འགལ་ཟླ་ཐོན་པ་བཅས་ཡོད་པ་ཤེས་རྟོགས་བྱུང་ཡོད།
“གཞི་རིམ་སྟོབས་ཆེར་ཕྱིན་ན་རྒྱལ་ཁབ་སྟོབས་ཆེར་འགྲོ་བ་དང་གཞི་རིམ་བདེ་ན་གནམ་འོག་བདེ” མཚོ་མོས། དར་ཆ་ལྷ་མོ་སྡེ་ཁུལ་དུ་ཕྱོགས་མི་མང་བ་དང་མི་རིགས་མང་པོ་མཉམ་དུ་སྡོད་པ་ནི་དེ་སྔ་གཞི་རིམ་བཅོས་སྐྱོང་བྱེད་པའི་དཀའ་གནད་ཡིན། དཀའ་གནད་དེ་སེལ་ཆེད་ནག་ཆུ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཁོངས་གཏོགས་ཁུལ་གྱི་མི་རིགས་མང་པོ་འདུས་སྡོད་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་རང་འགུལ་ངང་སྔོན་ཚུད་ནས་སྣེ་ཁྲིད་དེ་མི་རིགས་མང་པོ་མཉམ་སྡོད་བཅོས་སྐྱོང་གི་དཀའ་གནད་བསལ་ཡོད་ཅེས་ངོ་སྤྲོད་བྱས།
ཁྲོམ་གཞུང་གིས་སྤྱི་འདོམས་འཆར་འགོད་དང་། སྲིད་ཇུས་ཀྱིས་མཛུབ་ཁྲིད། ཐོན་ཁུངས་ཀྱིས་མཐུན་སྦྱོར་བཅས་འོག ཐིའེ་ཞའོ་ལིན་གྱིས་2023ལོ་དང་2024ལོར་ནག་ཆུ་ཁྲོམ་གཞུང་ཁོངས་གཏོགས་ཁུལ་དུ་གནས་པའི་རང་ཉིད་ཀྱི་ཀུང་སིའི་བོགས་གཏོང་ཐོག་ཁང་དེ་སྒྱུར་བཀོད་བྱས་ནས་སྒྲིག་ཆས་གསར་བརྗེས་དང་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་སྟེ་ས་ཁྱོན་སྨི་ངོས་གྲུ་9000ཙམ་ཟིན་པའི་ས་མཐོའི་སེ་འབྲུ་དམར་པོ་མི་རིགས་མཐུན་སྒྲིལ་སྒོ་ར་བསྐྲུན་པ་དང་2025ལོའི་ཟླ་9པར་དངོས་སུ་སྒོ་བྱང་བཀལ་བ་རེད།
མིག་སྔར། སྒོ་རའི་ནང་བོགས་གཏོང་ཁང་པ་ཁྱོན་145ཡོད་པའི་ནང་ཀན་སུའུ་ལིན་ཞ་ནས་ཡོང་བའི་ཚོང་པ་དང་། སི་ཁྲོན་དང་མཚོ་སྔོན་ནས་ཡོང་བའི་ལས་མི། ནག་ཆུ་རང་ནས་ཡིན་པའི་བོད་རིགས་འབྲོག་པ་བཅས་ཡོད་པ་རེད།
མཚོ་མོས། ཁྲོམ་གཞུང་དུ་ད་དུང“ཁྲོམ་གཞུང་དང་། སྡེ་ཁུལ། ཐོག་ཁང་། དུད་སྦྲེལ”བཅས་རིམ་བཞིའི་རྩ་འཛུགས་མ་ལག་བཙུགས་པ་དང་། ལས་ཀའི་ཆེད་སྒྲུབ་ཚན་ཁག་བཙུགས་ནས་ཁོངས་གཏོགས་ཁུལ་གྱི་རིགས་ཁག་གི་ཏང་རྩ་འཛུགས་ཆ་སྒྲིག་མཉམ་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཏང་ཡོན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འབྲེལ་གཏུག་ལམ་ལུགས་དོན་འཁྱོལ་བྱས་ནས་ཏང་ཡོན་ལས་བྱེད་པ་འཐབ་ས་དང་པོར་བསྐྱོད་དེ་མང་ཚོགས་ལ་ཞབས་འདེགས་ཞུ་རུ་བཅུག་པ་དང་བཅོས་སྒྲིག་གི་ཁྱབ་རྒྱ་ཆེ་རུ་བཏང་ཡོད་ཅེས་བརྗོད།
ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་མཛུབ་ཁྲིད་འོག་སྒོ་རའི་ནང་བཅོས་སྒྲིག་གི་སྒྲོམ་གཞི་འཐུས་སྒོ་ཚང་དུ་བཏང་བ་དང་། དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། ཞབས་ཞུའི་ལས་སྟེགས་བསྐྲུན་པ་བཅས་བྱས་ཤིང་། མིག་སྔར་འདུམ་འགྲིག་ཁང་དང་དྲོ་སྐྱིད་ས་ཚིགས་སོགས་བཙུགས་ཡོད།
ལོ་གཅིག་རིང་། འདུམ་འགྲིག་ཁང་གིས་ཁྲོམ་གཞུང་གི“སྔོན་ནས་གྲལ་བཤེར་དང་། ས་ཆ་དེ་རང་དུ་འདུམ་འགྲིག འབྱུང་རྩ་ནས་ཚོད་འཛིན”བཅས་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། ཁྱོན་རྩོད་གཞི་སྣ་ཚོགས་38འདུམ་འགྲིག་བྱས་པའི་ནང་ཁྱིམ་མཚེས་དབར་གྱི་འཛེར་སྒྲའི་རྩོད་གཞི་དང་། ཆུ་རིན་དང་གློག་རིན་ཁག་བགོས་ཀྱི་འགལ་བ། ཁང་པ་བོགས་གཏོང་གི་གཏའ་དངུལ་སྐོར་གྱི་རྩོད་གཞི། ངལ་ནུས་གླ་ཆ་འགྱངས་ཆད་སོགས་ཚུད་ཡོད་པར། འདུམ་འགྲིག་ཐུབ་ཚད་100%ཟིན་ཞིང་། འགལ་ཟླའི་རྩོད་གཞི་གཅིག་ཀྱང་བདེ་འཇགས་ཀྱི་གྱོད་གཞིའམ་ཡང་ན་གཏུག་བཤེར་བྱེད་དགོས་པའི་ཚད་དུ་སླེབས་མེད་པས་ཁོངས་གཏོགས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཞི་མཐུན་གྱི་རྨང་གཞི་བརྟན་དུ་ཕྱིན་ཡོད།
མིག་སྔའི་བར་རིམ་རྩིས་བརྒྱབ་ན་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་ཐེངས་28སྤེལ་བར་མང་ཚོགས་མི་ཐེངས་300ལྷག་ཙམ་ཞུགས་པ་དང་། སྲིད་ཇུས་སྒྲོག་འགྲེལ་ཚོགས་འདུ་ཐེངས་12བྱས་ནས་མང་ཚོགས་ལ་རིགས་ཁག་གི་སྲིད་ཇུས་བློ་འདྲི་ཐེངས་80ལྷག་ཙམ་ལ་གསལ་འགྲེལ་བརྒྱབ་པ་དེ་དག་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་དང་། བུ་ཕྲུག་སློབ་ཞུགས། ལས་ཞུགས་གསོ་སྦྱོང་། མ་མཐའི་འཚོ་བ་འགན་ལེན་གྱི་རེ་ཞུ་སོགས་དང་འབྲེལ་བ་ཡོད། དམངས་སྲིད་དང་སྤྱི་ཚོགས་འགན་བཅོལ་སོགས་སྡེ་ཚན་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་དཀའ་ངལ་ཡོད་པའི་ཁྱིམ་ཚང་23ལ་སྲིད་གཞུང་གི་གནས་སྐབས་རོཌ་སྐྱོབ་རེ་ཞུ་བྱེད་རོགས་བྱས་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ས་མཐོའི་སེ་འབྲུ་དམར་པོའི་མི་རིགས་མཐུན་སྒྲིལ་སྒོ་ར་བསྐྲུན་པ་དེ་ནག་ཆུ་ཁྲོམ་གཞུང་གི་ལོ་མང་རིང་གི་ཐུགས་ཁུར་དགའ་གཅེས་དང་། སྲིད་ཇུས་ཀྱི་རོགས་སྐྱོར། ཚོང་གཉེར་ཞབས་ཞུ་བཅས་དང་ཁ་འབྲལ་ཐབས་མེད། ཁྲོམ་གཞུང་གིས་རང་འགུལ་ངང་ཁོངས་གཏོགས་ཁུལ་གྱི་དམངས་གཉེར་ཁེ་ལས་མཁས་ཅན་གྱི་དཀའ་ངལ་སེལ་བ་དང་། ལས་སྟེགས་སྐྲུན་པ། འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ་བཅས་བྱས་ཏེ། ཁེ་ལས་མཁས་ཅན་ཕྱུག་པོ་ཆགས་རྗེས་རོགས་རམ་བྱེད་མཁན་མ་བརྗེད་པ་དང་། ལས་བཟང་སྒྲུབ་པ། ཁོངས་གཏོགས་ཁུལ་ལ་སྐྱོང་ལན་འཇལ་བ་བཅས་ལ་ཁྲིད་སྟོན་བྱས་ཡོད།
2001ལོར་ཐིའེ་ཞའོ་ལིན་གཅིག་པུ་བོད་དུ་ཡོང་ནས་ནག་ཆུ་ཁྲོམ་གཞུང་ཁོངས་གཏོགས་ཁུལ་དུ་ལས་གཏོད་བྱས་པ་རེད། ཐོག་མར་ཨར་ལས་རྒྱུ་ཆ་ཕྱིར་ཚོང་ནས་འགོ་བཙུགས་པ་དང་། ཕྱིས་སུ་ཚོང་དོན་དང་། གསོལ་མགྲོན་ཁང་། དབྱར་རྩྭ་དགུན་འབུ། སྨན་བཅོས་ཡོ་བྱད། སྐྱེ་ཁམས་ཞིང་ལས་སོགས་ཁྱབ་ཁོངས་མང་པོར་རིམ་བཞིན་རྒྱ་སྐྱེད་བཏང་ཡོད། ནག་ཆུ་ཁྲོམ་གཞུང་གི་རྒྱུན་རྣམ་ཅན་གྱི་སློབ་གསོ་ཁྲིད་སྟོན་དང་ཤེས་དཔལ་དར་སྲོལ་སྐྱེད་སྲིང་བྱས་པར་བརྟེན་ཐིའེ་ཞའོ་ལིན་གྱིས་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་དམངས་ལ་དྲོ་སྐྱིད་སྦྱིན་པ་དང་། ཁྱིམ་མཚེས་དབར་མཐུན་སྒྲིལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་འགུལ་ངང་དཀའ་ངལ་ཡོད་པའི་མང་ཚོགས་ལ་བོགས་དངུལ་ཆག་ཡང་དང་རྩ་ཆག་བཏང་ནས་ཡོང་འབབ་དམའ་བའི་ཁྱིམ་ཚང་དང་། ཕ་མ་ཡ་གཅིག་གི་ཁྱིམ་ཚང་། ནད་གཞི་ཕོག་པའི་རྒན་རྒོན་སོགས་ལ་དམིགས་བསལ་ལྟ་རྟོག་བྱས་པ་རེད། ཁོང་གིས་རྟག་ཏུ“ཚང་མ་གཅེན་གཅུང་མིང་སྲིང་རེད། ཚང་མ་ནག་ཆུ་ཁྲོམ་གཞུང་དུ་འཚོ་བ་སྐྱེལ་ཀྱི་ཡོད་པས། སུ་ལ་དཀའ་ངལ་འཕྲད་རུང་རོགས་པ་བྱེད་ཐུབ་ན་བྱེད་ཀྱང་ཡིན”ཞེས་བརྗོད་ཀྱི་ཡོད།
ད་ཆ་ཁེ་ལས་ཀྱིས་རྟག་ཏུ་ནག་ཆུ་ཁྲོམ་གཞུང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ལས་གནས་མཁོ་འདོན་བྱེད་པ་དང་། གྲོང་གསེབ་དར་རྒྱས་ནང་ཞུགས་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཤིང་། རིམ་རྩིས་བརྒྱབ་ན་མི་200ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱེད་པ་དང་གླ་ཆ་སྒོར་ཁྲི་300ལྷག་ཙམ་སྤྲད་ཡོད། གཞན་ཡང་སློབ་སྐྱོར་ཞལ་འདེབས་དང་། ཉེན་སྐྱོབ་དཀའ་སེལ། གཅེས་སེམས་འཚམས་འདྲི་སོགས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ནང་ཧུར་ཐག་ཞུགས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁེ་ལས་མཁས་ཅན་གྱི་སྤྱི་ཚོགས་ཀྱི་འགན་འཁྲི་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།