ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་མི་113ཝུའུ་ཧན་དུ་ལས་ཀ་བྱེད་པར་འགྲོ་བའི་འདོད་མཐུན་འགྲུབ་པ།
མི་113གྱི་ལས་ཞུགས་འདོད་མཐུན་འགྲུབ་པ་དང་། མི་15དང་ས་ཡུལ་དངོས་སུ་གན་རྒྱ་བཞག་པ། ལས་གནས་455ཡི་ལོའི་གླ་ཆ་མཐོ་ཤོས་སྒོར་ཁྲི་9ཙམ་ཟིན་གྱི་ཡོད། ཉེ་ཆར། སྤྱི་ལེ་3000ལྷག་ཙམ་ཕྱོད་པའི་ཝུའུ་ཧན་བོད་སྐྱོར་གྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་འཚོགས་ཤིང་། དེ་ནི་ཉེ་བའི་ལོ་ཤས་རིང་སྣེ་གདོང་ཆུས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ས་ཁོངས་སྒྲོལ་བའི་ལས་ཞུགས་བོད་སྐྱོར་བྱེད་སྒོ་ཞིག་རེད།
བྱེད་སྒོ་སྤེལ་རིང་། ཝུའུ་ཧན་གྱི་གཞུང་ཁོངས་རྒྱུ་ནོར་ཁེ་ལས་དང་སྣེ་འདྲེན་དམངས་གཉེར་ཁེ་ལས་36གིས་གཅིག་སྡུད་ཐོག་ལས་གནས་མཁོ་འདོན་བྱས་ཤིང་། དེ་དག་རིག་ནུས་བཟོ་སྐྲུན་དང་། རིག་གནས་ཡུལ་སྐོར་ཞབས་ཞུ། སློབ་གསོ་གསོ་སྦྱོང་། ཁྲོམ་ར་གཉེར་སྐྱོང་སོགས་སུ་ཁྱབ་ཡོད། ཐོབ་ཐང་ཐད། ཟླ་རེའི་གླ་ཆ་སྒོར་5000ཡན་ཟིན་པ་དང་། ལས་བཟོ་ཡོངས་ལ་འགན་བཅོལ་ལྔ་དང་མ་དངུལ་གཅིག་འཇལ་གྱི་ཡོད་པ་མ་ཟད། ད་དུང་རིན་མེད་ཞག་སྡོད་དང་། ལས་ཞུགས་གོང་གི་གསོ་སྦྱོང་། གཉེན་ཉེ་ཐུག་འཕྲད་གྱི་བདལ་གླའི་ཁ་གསབ་བཅས་ལོངས་སུ་སྤྱོད་རྒྱུ་ཡོད། མི་མི་ཉུང་བ་ཞིག་ཆེད་མངགས་ཤང་གྲོང་ནས་རང་ཉིད་ཀྱི་བློ་ལ་བབས་པའི་ལས་གནས་འཚོལ་བར་ཡོང་ཡོད། སྣེ་གདོང་ཆུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གཟའ་འཁོར་གཅིག་གི་སྔ་སྣུར་དུ་ཤང་གྲོང་དང་དུད་ཚང་དུ་བསྐྱོད་པ་དང་། དྲ་ཐོག་ནས་དྲིལ་བསྒྲགས་བྱེད་པ། སྤྱི་ཚོགས་དང་མང་ཚོགས་སྐུལ་སློང་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མི་1000ལྷག་ཙམ་ལ་ཁྱབ་ཡོད།
འགོ་ཚུགས་མཛད་སྒོའི་ཐོག སྣེ་གདོང་ཆུས་སྲིད་གཞུང་དང་ཝུའུ་ཧན་ཤེས་ལྡན་པའི་ཚོགས་པས་ས་ཡུལ་དངོས་སུ་གྲོས་མཐུན་ལ་མིང་རྟགས་བཀོད་དེ“ཡར་ཀླུང་ཤེས་ལྡན་པའི་ཚོགས་པ”མཉམ་དུ་བཙུགས་པ་རེད། གན་རྒྱ་བཞག་ཟིན་པའི་ཐེམ་ཁུངས་སྣེ་གདོང་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཞིག་གིས། ལས་གནས་བརྟན་ལ་འགན་ལེན་ཡག་པོ་འདུག་པས་རང་སར་གན་རྒྱ་བཞག་པ་ཡིན་ཞེས་བཤད། ཁེ་ལས་ཕྱོགས་ཀྱིས་ཀྱང་སྣེ་གདོང་གཞོན་ནུའི་ལས་ཀའི་ཧུར་སེམས་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
ཝུའུ་ཧན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་རུ་སྣེ་འཁྲིད་མཁན་ཝང་པོ་ཡིས། གོམ་སྟབས་རྗེས་མར་བྱ་བ་ཁག་གསུམ་ལ་གཙོ་གནད་དམ་འཛིན་ཡག་པོ་བྱེད་རྒྱུ་སྟེ། གཅིག་ནས་ཝུའུ་ཧན་དང་སྣེ་གདོང་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལྟེ་གནས་ལ་བརྟེན་ནས་ལས་གནས་བརྟན་པོ་ཡོང་བའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ། ཝུའུ་ཧན་དུ་ལས་ཞུགས་བྱེད་པར་སྐྱོད་མཁན་གཞོན་ནུ་ཚོའི་སེམས་གནས་ཐུབ་པ་དང་ལས་ཀ་ཡག་པོ་སྒྲུབ་ཐུབ་པ་བྱེད་རྒྱུ་དང་། གཉིས་ནས“ཡར་ཀླུང་ཤེས་ལྡན་པའི་ཚོགས་པའི”ངོ་བོའི་རང་བཞིན་གྱི་གཉེར་སྐྱོང་ལ་སྐུལ་འདེད་བཏང་ནས་ས་གནས་གཉིས་ཀྱི་ཤེས་ལྡན་པའི་ཐོན་ཁུངས་ཀྱིས་ཕྱོགས་གཉིས་ལ་མཐུན་རྐྱེན་སྦྱོར་རྒྱུ། གསུམ་ནས་ཝུའུ་ཧན་དུ་ཡོད་པའི་སྣེ་གདོང་གི་སློབ་གྲྭ་ཆེ་མོ་བའི་དངོས་སྦྱོང་རྟེན་གཞིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་རེད། སྣེ་གདོང་ཆུས་མི་སྤྱི་ཅུས་ཀྱིས་ལས་གནས་སུ་མ་སྐྱོད་གོང་གི་གསོ་སྦྱོང་དང་། ཕྱིར་སྐྱོད་འགན་ལེན། ལས་ཐོག་རྗེས་སྙེག་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་ལོ་འདིའི་ནང་སྣེ་གདོང་གི་གཞོན་ནུ་200ཡན་ཝུའུ་ཧན་དུ་བསྐྱོད་ནས་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།