བློ་སེམས་གཅིག་ཏུ་བསྒྲིལ། འབད་འབུངས་དོན་གཉེར་བྱེད།
—— ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པས་བོད་སྐྱོར་བྱས་ནས་ལོ་གཅིག་འཁོར་བའི་སྐོར་བཀོད་པ།

འདི་ནི་2026ལོའི་ཟླ་5ཚེས་22ཉིན། ཆབ་མདོའི་རིག་གནས་ཡུལ་སྐོར་ཁྲུང་ཆིང་ཆེད་དོན་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཁྲུང་ཆིང་ཁྲའོ་ཐན་མན་ཐང་ཆེན་དུ་འཚོག་བཞིན་པ།

འདི་ནི་2026ལོའི་ཟླ་5ཚེས་21ཉིན། “བོད་ཤར་ནུས་གསོག་རྒྱང་ལམ་གསར་པར་སྐྱོད”ཅེས་པའི་ཆབ་མདོའི་ཚོང་འགུག་མ་འདྲེན་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཁྲུང་ཆིང་དུ་འཚོག་བཞིན་པ།

འདི་ནི་གསར་དུ་བསྐྲུན་པའི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གི་ཁྲུང་ཆིང་བུ་བཅོལ་ཁང་གཉིས་པའི་ཟུར་ཞིག་ཡིན་པ།
2026ལོའི་ཟླ་7པར། ཆབ་མདོའི་རི་རྒྱུད་དུ་སྤྲིན་པ་ལང་ལོང་རྒྱུ་བ་དང་རྫ་ཆུ་དྲག་ཏུ་རྒྱུག
ལོ་གཅིག་གོང་ཁྲུང་ཆིང་གྲོང་ཁྱེར་གྱི་ཤེས་ལྡན་ལས་བྱེད་པའི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པས(གཤམ་དུ“བོད་སྐྱོར་ལས་དོན་རུ་ཁག”ཅེས་བསྡུ་རྒྱུ)ལེ་དབར་སྟོང་ཕྲག་ཆོད་པའི་བོད་ཤར་རྒྱུད་དུ་བཅའ་སྡོད་བྱས། ལོ་གཅིག་རིང་། ཁོང་ཚོའི་རྗེས་ཤུལ་བོད་ཤར་རྒྱུད་ཀྱི་རི་ཀླུང་ཀུན་ལ་ཁྱབ་ཅིང་། ཁོང་ཚོས“གཞི་རིམ་དུ་སྐྱོད་པའི”འགན་འཁྲི་འཁུར་སེམས་དང་། “མཉམ་འདྲེས”བྱེད་པའི་ལྷག་བསམ། “དངོས་སུ་སྒྲུབ་པའི”ཕན་འབྲས་བཅས་ལ་བརྟེན་ནས“ཆབ་མདོར་མཁོ་བ་ཁྲུང་ཆིང་གིས་སྒྲུབ་པའི”གསོན་ཉམས་དོད་པའི་གཏམ་རྒྱུད་རྒྱུན་མཐུད་བརྩམས་ཡོད།
གཤགས་བཅོས་ལས་སྟེགས་མདུན་གྱི་བརྟན་སྲུང་།
2026ལོའི་ཟླ་2ཚེས་13ཉིན་ནི་ལུགས་རྙིང་གི་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཡིན་པ་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཕྱི་རོལ་དུ་གྲང་ངར་ཧ་ཅང་ཆེ།
གློག་སྒྲོན་འོག་ཁྲུང་ཆིང་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་མིག་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་དང་། ཁྲུང་ཆིང་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བཅུ་གཅིག་པའི་ཁོངས་མི། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་བཅས་ཡིན་པའི་ཧུའུ་ཁོ་ཡིས་རི་བོ་ཆེ་རྫོང་ནས་ཡོང་བའི་ནད་པ་པད་མ་འཕྲིན་ལས་ཀྱི་མིག་ལ་གཤགས་བཅོས་བྱས་ཤིང་། ཆུ་ཚོད་གཅིག་ཙམ་སོང་རྗེས་གཤགས་བཅོས་བདེ་བླག་བྱུང་ཡོད།
ཁྲུང་ཆིང་གྲོང་ཁྱེར་གྱིས་སྨན་བཅོས་བོད་སྐྱོར་བྱས་ནས་ལོ་གཅིག་སོང་རིང་། སྔ་རྗེས་སུ་མ་དངུལ་སྒོར་ཁྲི་3200ལྷག་ཙམ་བཏང་ནས་སྒུལ་བདེའི་མིག་ནད་སྨན་ཁང་དང་། 120བཀོད་གཏོང་ཡན་ལག་ལྟེ་གནས། གློག་རྡུལ་ནད་ཐོ་རིམ་བཞིའི་སྒྱུར་བཀོད་སོགས་ཀྱི་རྣམ་གྲངས་ལ་སྤྱད་ཡོད། ཁྲུང་ཆིང་དང་བོད་ཀྱི་རྒྱང་བསྟེན་ནད་རྟགས་སྨན་བཅོས་ལས་སྟེགས་བརྒྱུད་ནད་དཔྱད་ཁྲི་1.58ལྷག་ཙམ་བྱས་པ་དང་། ལྷན་སྐྱེས་སྙིང་ནད་དང་མཆུ་ཤོ་རྐན་ཤོའི་བྱིས་པ་182ལ་དབྱེ་བཤེར་བྱས་པ་དང་འབྲེལ་ཆ་རྐྱེན་དང་མཐུན་པའི་ནད་པ་28ལ་གཤགས་བཅོས་བྱས་པ་རེད། “དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི”ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་57དོན་འཁྱོལ་བྱས་པའི་ནང་རྣམ་གྲངས་3གྱིས་བོད་ཤར་རྒྱུད་ཀྱི་སྟོང་ཆ་བསྐངས་ཤིང་། ས་གནས་དེ་གའི་སྨན་དོན་མི་སྣས་ལག་རྩལ་གསར་པ་37ཁོང་དུ་ཆུད་པར་ཁྲིད་སྟོན་བྱས་པ། ཞིང་ཆེན་དང་པུའུ་རིམ་པའི་ཞིབ་འཇུག་བྱ་གཞི་11མཉམ་དུ་རེ་ཞུ་བྱས་པ། སྔ་རྗེས་སུ་སྨན་དོན་རྐང་འཛིན་པ་60ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཁྲུང་ཆིང་དུ་ཟབ་སྦྱོང་བྱེད་པར་བསྐྱོད་པ་རེད།
ཞིབ་སྦྱོང་ཐེངས་གཅིག་ལས་རེ་བའི་ས་བོན་བཏབ་པ།
2025ལོའི་ཟླ་7པར་ཁྲུང་ཆིང་དུ་དབྱར་གྱི་ཚ་གདུག་ཡོངས་སུ་རྒྱས་ཤིང་། ཁྲུང་ཆིང་གྲོང་ཁྱེར་ཁྲང་ཞི་ཟློས་གར་སྒྱུ་རྩལ་ལྟེ་གནས་སུ་འཁར་རྔའི་སྒྲ་གྲགས་པ་དང་མདུང་ཐུང་ཕར་གཡུག་ཚུར་གཡུག་བྱེད། བོད་ནས་ཐོན་ཐེངས་དང་པོ་ཡིན་པའི་ཆབ་མདོ་མཐོ་རིམ་སློབ་འབྲིང་དང་པོའི་2024ལོའི་སློབ་མ་བསོད་ནམས་ཀྱིས་མཚར་སྣང་ཆེན་པོས་མདུང་ཐུང་ཕར་གཡུག་ཚུར་གཡུག་བྱེད་པར་ཅེར་རེར་བལྟས།
བསོད་ནམས་ནི“རིག་ལྡན་བྱ་སྤྱོད་སྤེལ། རྒོད་པོའི་གཤོག་རྩལ་ངོམ། 2025ལོའི་གངས་ལྗོངས་ཀྱི་ཐང་དཀར་རྒོད་པོ་གསོ་སྐྱོང་འཆར་གཞི། ཆབ་མདོ་གྲོང་ཁྱེར་གྱི་སློབ་འབྲིང་སློབ་མ་ཁྲུང་ཆིང་དུ་ཞིབ་སྦྱོང་ལ་བསྐྱོད་པའི་སྤེལ་རེས་གསུམ་གྱི་བྱེད་སྒོའི”ཁྲོད་ཀྱི་སློབ་མ་40ཡི་གྲས་ཤིག་རེད། བྱེད་སྒོ་སྤེལ་བའི་ཉིན་དེར་བསོད་ནམས་ཀྱིས་ཞིབ་སྦྱོང་དཔུང་ཁག་དང་མཉམ་དུ་སྔ་རྗེས་སུ་ཁྲུང་ཆིང་གྲོང་ཁྱེར་ཁྲང་ཞི་ཟློས་གར་ཁང་དང་། 816ལས་གྲྭ 《ཁྲུང་ཆིང་1949》ཞེས་པའི་ཟློས་གར་ཁང་བཅས་སུ་བསྐྱོད་དེ་ཁྲུང་ཆིང་ཡུལ་ལུང་ལ་མྱོང་རོལ་ཟབ་མོ་བྱས་པ་རེད།
ཁྲུང་ཆིང་གི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལོ་གཅིག་རིང་། ཆབ་མདོ་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་འཐུས་མི་ཚོགས་པ་27ཁྲུང་ཆིང་དུ་བཏང་ནས་སྤེལ་རེས་བྱེད་སྒོ་ཐེངས་38སྤེལ་བ་དང་། “ཁྲུང་ཆིང་དང་སྨར་ཁམས་དབར་གྱི་གཉེན་འཕྲད”དང“རི་གྲོང་དུ་ལག་ཤེས་པ་གསོ་སྐྱོང་བྱས་ནས་གངས་ལྗོངས་ས་མཐོར་རྒྱུན་འཛིན་བྱེད”ཅེས་པ་སོགས་ཀྱི་སྤུས་རྟགས་རྒྱུན་མཐུད་བཏོད་ཡོད། བོད་སྐྱོར་ལས་དོན་རུ་ཁག་གིས་ཆབ་མདོའི་བོད་རིགས་ཀྱི་ལོ་རྒྱུས་མི་སྣ་གྲགས་ཅན་སྤོམ་མདའ་རྡོ་རྗེའི་རྒྱལ་གཅེས་བྱས་རྗེས་སྔོག་འདོན་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཝང་ཞའོ་པིན་གྱིས་སྣེ་ཁྲིད་དེ་སྐུལ་འདེད་བཏང་བའི་རིག་གཞུང་གསུང་རྩོམ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། པར་ལེན་བྱེད་རོགས་བྱས་པའི་བོད་སྐྱོར་བརྗོད་གཞིའི་གློག་བརྙན《བོད་ཡུལ་གྱི་གཏམ་རྒྱུད》2025ལོའི་ཟླ་12ཚེས་18ཉིན་རྒྱལ་ཡོངས་སུ་བསྟན་པ་རེད།
དེ་དང་ཆབས་ཅིག ཤེས་ལྡན་ལས་བྱེད་པའི་ཕྱོགས་གཉིས་ཀྱི་སྤེལ་རེས་ལས་དོན་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་བཏང་བ་སྟེ། ལོ་ལྟར་སློབ་ཆེན་སློབ་མ་22བོད་དུ་ཆེད་མངགས་བསྡུ་བ་དང་ཁྲུང་ཆིང་གིས་བོད་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་20མཁོ་འདོན་བྱེད་པ། ཁྲུང་ཆིང་གི་རིགས་གཅིག་མཁས་ཅན་70ལྷག་ཙམ་ཆབ་མདོའི་གཞི་རིམ་དུ་ཞབས་འདེགས་ཞུ་བར་གཏོང་བ། “ཧྥུའུ་ཅན་དང་། ཐེན་ཅིན། ཁྲུང་ཆིང་། ཆབ་མདོ་བཅས”ཀྱི་བསམ་བློ་ཆབ་སྲིད་གཅིག་མཐུན་ཚོགས་པ་ཞིང་ཆེན་གསུམ་བརྒལ་ནས་མཉམ་འགུལ་ཡོང་བར་སྐུལ་འདེད་བརྟན་པོ་གཏོང་བ་བཅས་རེད།
འགྲེམས་ཚོང་ཐབས་ལམ་ཞིག་སྣུར་སྲིང་བྱས་པ།
ཁྲུང་ཆིང་ཀོན་དབྱིན་ཟམ་པའི་ཚོང་ཁུལ་དུ། མི་ཚོགས་དང་ཚོན་མདོག་སྣ་ལྔའི་གློག་འོད་ཕན་ཚུན་གཅིག་ལ་གཅིག་རྒྱན་གྱི་འཁྲུག་ཆ་ཆེ་བའི་དབུས་ཀྱི་ཚོང་ཁང་ཞིག་ནས་ས་མཐོའི་རྣམ་པ་ཚོར།
“བོད་ཀྱི་བག་ཆགས། ཁྲུང་ཆིང་ནས་ཆབ་མདོ་མཇལ”ཞེས་པའི་ས་མཐོའི་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཁང་དུ་རི་བོ་ཆེ་ནས་ཡིན་པའི་ལོ་22ལ་སླེབས་པའི་གཞོན་ནུ་ཀུན་བཟང་ཉི་མས་བློ་རྩེ་གཅིག་སྒྲིམ་གྱིས་ཐང་ག་འབྲི་བཞིན་ཡོད་པ་དང་། སྨྱུག་རྩེར་རྡོ་ཚོན་བསྒྲེས་ནས་རས་ཆའི་ཐོག་དལ་བུར་འཁྱུག་བཞིན་ཡོད། མི་རིང་བའི་སར་བོད་དུ་ལོ་བཅུ་སྤོས་བཟོས་ནས་སྡོད་མྱོང་བའི་ལིའུ་ཞའོ་ཅིང་གིས་ཕྲུ་གུར་ཤུག་འདམ་དང་། ཁ་ཆེ་ཤ་སྐམ། འཁྱགས་པ་བཅས་བརྫིས་ནས་ཕྲེང་བ་བཟོ་སྟངས་བསླབས།
བོད་སྐྱོར་ལས་དོན་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ལོ་གཅིག་རིང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.57མཐུན་སྦྱོར་དོན་འཁྱོལ་བྱས་པ་དང་། ཐོན་ལས་བོད་སྐྱོར་རྣམ་གྲངས་34ལག་བསྟར་དང་ཐོན་ལས་རྣམ་གྲངས་16ནང་འདྲེན་བྱས་པར་གན་འཇོག་མ་དངུལ་སྒོར་དུང་ཕྱུར་36.95ཟིན་ཡོད། 2026ལོའི་ནུབ་རྒྱུད་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་ཀྱི་ཚབ་བྱས་ནས་འགོ་ཚུགས་མཛད་སྒོར་མིང་རྟགས་བཀོད་པ་དང་ཆེད་དོན་འོས་སྦྱོར་ཚོགས་འདུའི་ཐོག་རྣམ་གྲངས་22ལ་མིང་རྟགས་བཀོད་པར་ཁྱོན་མ་འཇོག་སྒོར་དུང་ཕྱུར་34.96ཟིན་པ། “ཆབ་མདོའི་མ་འཇོག་གོ་སྐབས་ཀྱི་གསལ་ཐོ་2026”ཁྱབ་བསྒྲགས་བྱས་པའི་ནང་ཐོན་ལས་ཆེ་གྲས་9ཡི་རྣམ་གྲངས་73ཚུད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་140ཙམ་བཏང་ཡོད།
ཐོན་ལས་བོད་སྐྱོར་གྱི་གསོན་ཤུགས་དེ་ཚོང་དོན་སྐར་ཁུང་ནས་ལས་ཞུགས་ཁྱབ་ཁོངས་སུ་སྣུར་སྲིང་བྱེད་བཞིན་ཡོད། ལོ་གཅིག་རིང་། “མི་ཁྲིའི་ལས་ཞུགས་བྱ་སྤྱོད་འཆར་གཞི”ཡིས་ལས་གནས་2310མཁོ་འདོན་བྱས་པ་དང་། འདོད་མཐུན་1073བཞག་པ། ཆབ་མདོ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ཕྱོགས་ནས་བྱ་གཞག་ཚན་པར་མི་64དང་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ལ་མི་46བསྡུས་པ་དང་། སློབ་གྲྭ་ཆེ་མོ་བའི་མངོན་འགྱུར་ལྟེ་གནས་དང་། ཡུས་ཁྲང་ལས་གཏོད་སྐྱོང་གསོའི་རྟེན་གཞི། ཆབ་མདོ(ཁྲུང་ཆིང)སློབ་གྲྭ་ཆེ་མོ་བའི་ལས་གཏོད“ས་སྒྲོལ”སྐྱོང་གསོའི་རྟེན་གཞི་བཅས་སུ་མི་800ཙམ་ལས་ཞུགས་ཐུབ་ཡོད་པ་རེད།
(པར་རིས་ཚང་མ་ཆབ་མདོར་བཅའ་སྡོད་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་མཁོ་འདོན་བྱས)
འབྲེལ་ཡོད་གསར་འགྱུར།