དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བདེ་སྡོད་ལས་ལ་བརྩོན། བདེ་སྐྱིད་ཡུན་དུ་གནས།

    ​——སྡོད་ཁང་གསར་པར་སྤོས་ཏེ་ལོ་གཅིག་སོང་རྗེས་དིང་རིའི་ཡོམ་ཁུལ་དུ་བསྐྱོད་པའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-11

    དིང་རི་རྫོང་ཟིང་དཀར་གྲོང་ཚོར་ལོ་80ལྷག་ཙམ་ལ་སླེབས་པའི་བགྲེས་སོང་ཟླ་བ་སྒྲོལ་མས་སྡོད་ཁང་གསར་པའི་སྒོ་ཐོད་ལ་དཀར་གཙང་མཇལ་དར་བསྒྲོན་པ་དང་དེ་ནས་ས་ཡོམ་རིམ་པ་8ཐེག་ཐུབ་པའི་གྱང་ངོས་ལ་ལག་པས་བྱིལ་བྱིལ་བྱེད་བཞིན་མིག་ལ་མཆི་ཞགས་འཁོར། གཏིང་སྐྱེས་རྫོང་པད་སྟོད་གྲོང་ཚོའི་ཡུལ་མི་ཚེ་བརྟན་རྡོ་རྗེས་འཚོ་རྟེན་ལས་སྤྲོད་རྣམ་གྲངས་ནང་ཞུགས་ནས་རྩལ་བརྟེན་ཕྱུག་པོ་ཆགས་ཡོད། ལྷ་རྩེ་རྫོང་བྱང་གོང་གྲོང་ཚོའི་གཞོན་ནུ་མ་བདེ་ཆེན་གྱིས་ཡུལ་སྐོར་ས་ཚིགས་སུ་ཚོང་ཟོག་འཚོང་བ་དང་བོད་ཟས་ཟ་ཁང་བཙུགས་པར་ཞིབ་རྩིས་བརྒྱབ་ཚེ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་6བྱུང་ཡོད། ས་སྐྱ་རྫོང་དགའ་སྤེ་གྲོང་ཚོའི་ལོ་71ལ་སླེབས་པའི་དབང་འདུས་ཀྱིས་སྒོ་རའི་ནང་སོན་བཟང་འདེམས་སྒྲུག་རྒྱག་པ་དང་། ཁོང་གི་བུས་འཁྲིས་སུ་དཔྱིད་རྨོད་ཞིང་འཕྲུལ་ལ་བདག་སྐྱོང་བྱེད་པ་སོགས་རྫོང་སོ་སོ་ནས་མཐོང་བའི་རྣམ་པ་གསར་པ་དེ་དག་ལས་དིང་རིའི་གེགས་རྗེས་བསྐྱར་སྐྲུན་བྱུང་ཚུལ་གསལ་བར་མངོན་པ་སྟེ། ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་པ་དང་ཐོན་སྐྱེད་ལས་བརྩོན་ཐུབ་ནས་འཚོ་བ་ལྗང་མྱུག་བཞིན་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་ཡོད།

    2025ལོའི་ཟླ་བཅུ་པའི་ཟླ་མཇུག་ཏུ། དུས་ཡུན་ཟླ་བཅུ་ལས་མི་འགོར་བར་བོད་བཟོའི་སྡོད་ཁང་གསར་པ་མང་པོ་བརྒྱབ་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་སྡོད་ཁང་གསར་པར་སྤོས་ནས“གནོད་འཚེ་ཕོག་ཀྱང་ལོ་དེ་རང་ལ་སྡོད་ཁང་གསར་པར་སྤོ་ཐུབ་པའི”ངོ་མཚར་གྱི་གཏམ་རྒྱུད་བཏོད་ཡོད།

    ལོ་གཅིག་ཙམ་སོང་རྗེས། སླར་ཡང་དིང་རིའི་ཡོམ་ཁུལ་དུ་སྐྱོད་སྐབས། ཁྱིམ་ཚང་ཚང་མའི་སྒོ་ར་གཙང་ཞིང་གྲལ་འགྲིག་པ་དང་། གྲོང་ཚོའི་སྒྲིག་བཀོད་འཐུས་སྒོ་ཚང་བ། ཞིང་ནང་དུ་སོ་ནམ་ལས་ལ་གཞོལ་བ། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་གཏོང་བ་བཅས་གང་སར་བདེ་སྡོད་ལས་བརྩོན་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བདེ་སྐྱིད་ལྡན་པའི་རྣམ་པ་ཞིག་མངོན་པ་གསར་འགོད་པར་མཐོང་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།