སྤུས་ལེགས་ཐོན་ཁུངས་ནང་དུ་དྲངས། ས་མཐོའི་ཐོན་རྫས་ཕྱིར་གཏོང་བྱས།
—— བོད་ཀྱི་ཉོ་ཚོང་ཚོགས་པ་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པར་ཞུགས་པ།
ཟླ་11ཚེས་5ནས་ཚེས་10ཉིན་བར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པ(གཤམ་དུ“ནང་འདྲེན་འགྲེམས་ཚོགས”ཞེས་བསྡུ་རྒྱུ)རྒྱལ་ཁབ་ཚོགས་འགྲེམས་ལྟེ་གནས(ཧྲང་ཧའེ)སུ་གཉེར་ཞིང་། བོད་ཀྱི་ཉོ་ཚོང་ཚོགས་པས་ཉོ་སྒྲུབ་ཚོང་པ་12སྒྲིག་འཛུགས་བྱས་ནས་འགྲེམས་ཚོགས་སུ་ཞུགས་ཏེ་ཉོ་སྒྲུབ་བྱེད་པ་དང་བོད་ཀྱི་ཁེ་ལས་རྩེ་གྲ་32འགྲེམས་སྟོན་ལ་ཞུགས་ནས་ནང་འདྲེན་འགྲེམས་ཚོགས་ལ་བརྟེན་ཏེ“སྤུས་ལེགས་ཀྱི་ཐོན་ཁུངས་ནང་འདྲེན་དང་ས་མཐོའི་སྤུས་ལེགས་ཐོན་རྫས་ཕྱིར་གཏོང”གིས་ཕྱོགས་གཉིས་ཀར་མཐུན་རྐྱེན་སྦྱར་བ་རེད།
ནང་འདྲེན་འགྲེམས་ཚོགས་རིང་། བོད་ཀྱི་ཉོ་སྒྲུབ་ཚོང་པའི་ཚོགས་པས་ཐོན་ལས་འཕེལ་རྒྱས་དང་། དམངས་འཚོ་འགན་ལེན། ཁྲོམ་རའི་འཛད་སྤྱོད་སོགས་ཁྱབ་ཁོངས་ཀྱི་དགོས་མཁོར་དམིགས་ནས། རྒྱལ་ཁབ་ཕྱི་ནང་གི་སྤུས་ལེགས་ཐོན་ཁུངས་དང་རང་འགུལ་ངང་འབྲེལ་སྦྱོར་བྱས་པ་དང་། སྨན་བཅོས་ཡོ་བྱད་དང་ཞིང་འབྲོག་ལས་ཀྱི་ཐོན་རྫས་ལས་སྣོན་སོགས་ཁྱབ་ཁོངས་ལ་དམིགས་ནས་ངོ་འཕྲད་གྲོས་མོལ་དང་། འབྲེལ་སྦྱོར། ཉོ་སྒྲུབ་གནད་སྨིན་བཅས་བྱས་པ་དང་ཆབས་ཅིག ལས་རིགས་གཅིག་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་སྔོན་ཐོན་ལག་རྩལ་གྱི་ཉམས་མྱོང་སློབ་སྦྱོང་ཧུར་ཐག་བྱས་པ་རེད། དེ་བཞིན་འགྲེམས་ཚོགས་ལ་ཞུགས་མཁན་ཁེ་ལས་ཀྱིས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་དང་། ཁྱད་ལྡན་བོད་ལུགས་གསོ་རིག འབྱུང་འཕྲོད་སྐྱེ་ཁམས་ཀྱི་ཞིང་འབྲོག་ཐོན་རྫས་སོགས་རིགས་མང་པོའི་ཁྱད་ལྡན་ཐོན་རྫས་རྩེ་གྲ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ནས། བོད་ཀྱི་རིག་གནས་ཀྱི་ནང་དོན་ཟབ་མོ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།
སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་སུ། གཞིས་རྩེས་ཐེངས་དང་པོར་ཁེར་རྐྱང་འགྲེམས་ཁུལ་བཙུགས་ནས་འགྲེམས་ཚོགས་སུ་ཞུགས་ཤིང་། ཧྲང་ཧའེ་དང་བོད་ལྗོངས་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པའི་གཞིས་རྩེའི་འགྲེམས་ཁུལ་གྱིས་ས་བབ་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། ཐོན་ལས་ཀྱི་ཁྱད་ཆོས་བཅས་ལ་གཞི་ཚུགས་ནས། གཞིས་རྩེའི་མཐའ་མཚམས་སྒོ་དབྱེའི་གྲུབ་འབྲས་དང་ཧྲང་ཧའེ་དང་བོད་ལྗོངས་དབར་གྱི་མཉམ་ལས་ལག་ལེན་གཅིག་སྡུད་ཐོག་མངོན་པར་བྱས་པ་དང་། འགག་སྒོའི་བགྲོད་ལམ་དང་། ཐོན་ལས་སྐྱེད་སྲིང་། ལག་རྩལ་མཐུན་སྦྱོར། ཐོན་རྫས་ཕྱིར་གཏོང་སོགས་ལམ་ཐིག་གཅིག་ཏུ་སྦྲེལ་བས། བོད་ཀྱི་འགྲེམས་ཞུགས་ལས་རྣམ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ལ་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཕྱི་ཕྱོགས་སྒོ་དབྱེ་དང་ཐོན་ཚོང་སྦྲེལ་མཐུད་ཀྱི་ལས་སྟེགས་གསར་རྐྱང་ཞིག་ཆགས་ཡོད།
འགྲེམས་ཚོགས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་རྒྱུན་མཐུད་གཏོང་ཆེད། འགྲེམས་ཁང་དུ་དྲ་ཚོང་གི་ཐད་གཏོང་ཁང་ཆེད་མངགས་བཙུགས་ཏེ། གཙོ་སྐྱོང་སྙན་སྒྲོན་པས་དྲ་ཐོག་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྤུས་ལེགས་ཐོན་རྫས་དང་། འབྱུང་འཕྲོད་སྐྱེ་ཁམས་ཀྱི་ཞིང་འབྲོག་ཐོན་རྫས། ཁྱད་ལྡན་རིག་གནས་བསམ་བཀོད་ཐོན་རྫས་བཅས་འོས་སྦྱོར་བྱེད་ཀྱི་ཡོད་པས། ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་གི་ཐབས་ལམ་རྒྱུན་མཐུད་རྒྱ་ཆེར་ཕྱིན་ནས“བོད་ནས་ཐོན་པའི”སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་། བསྔགས་བརྗོད་ཐོབ་ཚད། ཁྲོམ་རའི་ཤུགས་རྐྱེན་ཐེབས་ནུས་བཅས་ཆེ་རུ་ཕྱིན་ཡོད་པ་རེད།
བོད་ཀྱི་ཉོ་ཚོང་ཚོགས་པས་རྒྱལ་ཁབ་རིམ་པའི་སྒོ་དབྱེའི་ལས་སྟེགས་དེ་བརྒྱུད་ནས། སྤུས་ཀ་དག་པའི་ས་མཐོའི་ཐོན་རྫས་རྩེ་གྲ་རེ་རེར་བརྟེན་ནས་གངས་ལྗོངས་ས་མཐོའི་རིག་གནས་ཀྱི་གསོན་ཤུགས་དང་། ཐོན་ལས་རིམ་སྤོར། སྒོ་དབྱེ་ཡར་བརྩོན་བཅས་ཀྱི་རྣམ་པ་གསར་རྐྱང་ཞིག་གསོན་ཉམས་དོད་པོས་མཚོན་པར་བྱས་ཏེ། གཏིང་ཟབ་པའི་ས་མཐོའི་རིག་གནས་དང་མཛེས་ལ་སྤུས་ཀ་ལེགས་པའི་གངས་ལྗོངས་ཀྱི་ཐོན་རྫས་དག་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་མཉམ་ལས་ཁྲོད་བཀྲག་མདངས་འཚེར་བ་དང་འགུལ་ནུས་གསོག་འཇོག་ཐུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།