དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལོན་ཏོན་གྱི་འཛམ་གླིང་ཡུལ་སྐོར་ཚོང་འདུས་སུ་ཀྲུང་གོའི་རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་པ་མངོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-11

    ཉེ་ཆར་2026ལོའི་ལོན་ཏོན་གྱི་འཛམ་གླིང་ཡུལ་སྐོར་ཚོང་འདུས་ལོན་ཏོན་འགྲེམས་སྟོན་ལྟེ་གནས་སུ་འཚོགས་ཤིང་། ཀྲུང་གོའི་འགྲེམས་ཁུལ་དུ་འགོ་ཚུགས་མཛད་སྒོ་འཚོགས་པས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྲིད་ཚོང་ལས་རིགས་དང་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་མི་བརྒྱ་ཙམ་ཞུགས་ནས། ཀྲུང་གོའི་རིག་གནས་དང་ཡུལ་སྐོར་གྱིས་ལྗང་མདོག་གསར་གཏོད་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། ཐོན་ལས་འཁོར་འབྲེལ་མཉམ་འདུས་བཅས་ལ་དམིགས་པའི་རྣམ་པ་གསར་པ་ཞིག་མངོན་པར་ཐུན་མོང་ཐོག་བདེན་དཔང་བྱས་པ་རེད།

    སྐབས་འདིའི་འགྲེམས་ཚོགས་ཀྱི་ཀྲུང་གོའི་འགྲེམས་ཁུལ་གྱིས“ཀྲུང་གོའི་ཡུལ་སྐོར་ཏེ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་། རིག་ནུས་ལ་བརྟེན་ནས་འབྱུང་འགྱུར་གཏོད་པ། ལྗང་མདོག་མཉམ་གནས”བརྗོད་དོན་གཙོ་བོར་བྱས་པ་དང་། སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་487.5ཟིན་ནས་གཞི་ཁྱོན་ཐད་སྐབས་རིམ་བྱུང་གི་ཟིན་ཐོ་གསར་པ་བཏོད་ཡོད། འགྲེམས་ཁུལ་ཇུས་འགོད་ཐད་ཀྲུང་གོའི་རི་ཀླུང་སོགས་ནས་དཔེ་བླངས་པ་དང་ཁོར་ཡུག་སྲུང་སྐྱོང་གི་རྒྱུ་ཆ་སྤྱད་དེ་བསྐྲུན་པའི་འགྲེམས་སྟེགས་གྲལ་སྟར་འགྲིག་པོ་ཞིག་ཡོད་པ་རེད། འགྲེམས་སྟོན་ལ་ཞུགས་མཁན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་14ཡི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམས་སྟོན་བྱས་པ་དང་འགྲེམས་ཞུགས་སྒྲིག་གཞི་དང་ཁེ་ལས་116ཟིན་ཡོད་པ་རེད།

    ལོན་ཏོན་དུ་བཅའ་སྡོད་ཀྲུང་གོའི་ཡུལ་སྐོར་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་ཀྲང་ལི་ཡིས། འགོ་ཚུགས་མཛད་སྒོར་ཤིས་ཚིག་སྒྲོན་སྐབས། ཡུལ་སྐོར་ནི་མིག་གིས་ལྟ་ཙམ་བྱེད་པ་ཞིག་མིན་པར་རིག་གནས་འཚོལ་ཞིབ་དང་། སེམས་ཁམས་ཤེས་རྟོགས། ཡུན་རིང་གི་མཛའ་གྲོགས་འབྲེལ་བ་འཛུགས་པ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་རེད་ལ། དམངས་སེམས་གཅིག་མཐུན་དང་། མཛའ་གྲོགས་ཟབ་གཏོང་། ཕན་ཚུན་ཡིད་ཆེས་ཟབ་གཏོང་བཅས་ཀྱི་འབྲེལ་ཟམ་གལ་ཆེན་ཞིག་ཀྱང་རེད། དབྱིན་ཇིའི་ཡུལ་སྐོར་བ་དེ་བས་མང་བ་ཀྲུང་གོར་ཡུལ་སྐོར་དུ་ཡོང་བར་དགའ་བསུ་ཞུ་གི་ཡིན་ལ། ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བས་དབྱིན་ཇི་དང་དེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་གི་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་ཀྱི་ནང་དོན་མྱོང་རོལ་བྱེད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་ཀྲང་ཀྲི་ཤིན་གྱིས། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པ་དང“ཡུལ་སྐོར་རྒྱལ་ཁབ་སྟོབས་ཆེན”དེ་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་ཀྱི་ནང་དུ་ཐོག་མར་བཀོད་དེ་ཀྲུང་གོའི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་པོ་སྟོན་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་མཐུད་ངང་རྒྱ་ཆེར་བཏང་ནས་མངའ་ཁོངས་སུ་ཡུལ་སྐོར་བྱེད་པའི་སྲིད་ཇུས་དང་ཞབས་ཞུ་ལེགས་སུ་གཏོང་བཞིན་ཡོད། ཀྲུང་གོས་དབྱིན་ཇིའི་སྤྱི་དམངས་ལ་ཕྱོགས་རྐྱང་པའི་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་ནས་ལས་རིགས་ཁག་གི་མི་སྣ་ཀྲུང་གོར་འཚམས་འདྲི་དང་སྤེལ་རེས་ལ་ཡོང་བར་དགའ་བསུ་ཞུ་གི་ཡིན་ཞེས་བརྗོད་པ་རེད།

    དབྱིན་ཇིའི་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ཕ་ཐེ་ལི་ཤཱ·ཡེ་ཚི་ཡིས། ཀྲུང་གོའི་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱིས་དབྱིན་ཇིའི་ཡུལ་སྐོར་བར་སྟབས་བདེ་བསྐྲུན་པ་དང་དབྱིན་ཀྲུང་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་ཐེབས་ཡོད། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།