དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐེ་ལན་གྱི་ཁེ་ལས་དང་ཀྲུང་གོའི་ཁྲོམ་རས་ཕན་ཚུན་དབར་གྱི་མཉམ་ལས་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  དབྱང་དབྱི།   |     སྤེལ་དུས།  2026-11-11

    ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་ཞིང་ལས་དང་བཟའ་བཅའི་ཐོན་རྫས་འགྲེམས་ཁུལ་དུ། “སྐྱེ་ཁམས་ལྗོན་ཤིང”མཐོང་ཚོར་གྱི་བཟོ་ལྟ་གཙོ་བོར་བྱས་པའི་ཐེ་ལན་གྱི་ཀྲེང་ཏ་ཚོགས་པའི་འགྲེམས་སྟེགས་ཀྱིས་མི་རྣམས་ཀྱི་ཡིད་དབང་བཀུག ཀྲེང་ཏ་ཚོགས་པས་ཀྲུང་གོའི་འཛད་སྤྱོད་པར་དམིགས་ནས་ཞིབ་འཇུག་གསར་སྤེལ་བྱས་པའི་ཙི་སུའུ་ཧུང་ཡུན་སུར་པན་བྱ་ཤ་དང་ཅའོ་ཙི་བསྲེགས་མ་སོགས་མྱུར་ཟས་རིགས་ཀྱི་ཁྱད་ལྡན་ཐོན་རྫས་དང་དེ་བཞིན་ཀྲུང་གོའི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་མཉམ་དུ་ཞིབ་འཇུག་གསར་སྤེལ་བྱས་པའི་མངགས་བཟོའི་ཐོན་རྫས་བཤམས་པ་རེད།

    “ཀྲུང་གོར་ཕྱིར་གཏོང”ནས་ཀྲུང་གོའི་ཁྲོམ་རར་བརྟེན་ཏེ་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་རིམ་སྤོར་བྱས་པའི་བར་ལ། ཀྲེང་ཏ་ཚོགས་པ་དང་ནང་འདྲེན་འགྲེམས་ཚོགས་ཀྱི་ལོ་9ཡི་རིང་གི་ཁ་ཆད་དོན་འཁྱོལ་བྱུང་ཞིང་། དེ་ཐོག་ནས་ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རས་གོ་ལ་ཧྲིལ་པོའི་ཚོང་པ་རྣམས་ལ་གོ་སྐབས་སྦྱིན་པ་མཚོན་གྱི་ཡོད།

    2018ལོར་ཀྲེང་ཏ་ཚོགས་པས་མཚོན་བྱེད་རང་བཞིན་གྱི་ཐོན་རྫས་ཁྱེར་ནས་ནང་འདྲེན་འགྲེམས་ཚོགས་སྐབས་དང་པོར་ཞུགས་ཤིང་། དེ་རྗེས་ནང་འདྲེན་འགྲེམས་ཚོགས་སྐབས་རེ་རེར་ཀྲེང་ཏ་ཚོགས་པ་བསྟུད་མར་ཞུགས་ཡོད། ལོ་9ཡི་རིང་ནང་འདྲེན་འགྲེམས་ཚོགས་ལ་ཞུགས་པའི་ཀྲེང་ཏ་ཚོགས་པའི་འགྲེམས་སྟེགས་ཀྱི་གཞི་ཁྱོན་མུ་མཐུད་རྒྱ་སྐྱེད་དང་འགྲེམས་རྫས་ཀྱི་སྣ་ཁ་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། དེ་ལས་ཀྲུང་གོའི་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པར་དཔང་པོའང་བྱས་ཡོད།

    ད་ལོའི་ནང་འདྲེན་འགྲེམས་ཚོགས་སུ་ཀྲེང་ཏ་ཚོགས་པའི་འགྲེམས་སྟེགས་ཀྱིས“སྐྱེ་ཁམས་ལྗོན་ཤིང”མཐོང་ཚོར་གྱི་བཟོ་ལྟ་བཀོད་སྒྲིག་བྱས་ནས་ལྗོན་ཤིང་གི་རྩ་བ་དང་། གཞུང་རྟ། ཡལ་ག་བཅས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་རྣམ་པར་བརྟེན་ནས་ཞིང་ཁ་ནས་གསོལ་ལྕོག་བར་གྱི་འབྱུང་འཕྲོད་འཁོར་རྒྱུག་གི་ཐོན་ལས་འཁོར་འབྲེལ་མངོན་པར་བྱས་ཤིང་། དེ་ཡང་ཉེ་བའི་ལོ་ཤས་རིང་ཀྲེང་ཏ་ཚོགས་པས་ནང་འདྲེན་འགྲེམས་ཚོགས་ཀྱི་ལས་སྟེགས་བརྒྱུད་ཀྲུང་གོའི་ཁྲོམ་རར་འབྲེལ་འདྲིས་ཟམ་མི་ཆད་པར་བྱེད་པའི་མཚོན་རྟགས་ཤིག་རེད།

    ཀྲེང་ཏ་ཚོགས་པའི་ཀྲུང་གོའི་འཐབ་ཇུས་འཕེལ་རྒྱས་དང་མཉམ་ལས་དབུ་བཞུགས་དཔོན། ཀྲུང་གོའི་ཁུལ་གྱི་བསླབ་རྒན་ཏུང་ཧྲི་ཀྲང་གཞོན་པ་ཧོང་ཝེ་ཝེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཚོགས་པ་དེ་1979ལོར་ཀྲུང་གོའི་ཁྲོམ་རར་ཞུགས་ནས་སྒྱུར་བཅོས་སྒོ་དབྱེའི་རྗེས་སུ་ཀྲུང་གོའི་ཁྲོམ་རར་མ་དངུལ་བཏང་སྟེ་བཟོ་གྲྭ་བཙུགས་པའི་ཕྱི་རྒྱལ་གྱི་ཁེ་ལས་སྔ་ཤོས་ཀྱི་གྲས་སུ་གྱུར། མིག་སྔར་ཀྲུང་གོར་ཚོགས་པ་དེར་དེང་རབས་བཟའ་བཅའི་བཟོ་གྲྭ་5ཡོད་པའི་ནང་ཧྲན་ཏུང་ཆིང་ཏའོ་རུ་གནས་པའི་བཟའ་བཅའི་ལས་སྣོན་བཟོ་གྲྭ་2016ལོར་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་རང་འགུལ་ཅན་གྱི་ཐོན་སྐྱེད་བརྒྱུད་རིམ་12ཡོད་ལ། དེ་ནི་གོ་ལ་ཧྲིལ་པོར་གཞི་གཅིག་ཅན་གྱི་ཀྲེང་ཏ་ཚོགས་པའི་བཟའ་བཅའི་ལས་སྣོན་བཟོ་གྲྭ་ཆེ་ཤོས་ཡིན་པ་རེད།

    དེ་དང་ཆབས་ཅིག་ཀྲེང་ཏ་ཚོགས་པས་ཀྲུང་གོའི་བརྒྱུད་འཚོང་ཚོང་པ་དང་ལྷན་དུ་རིམ་བཞིན་བཟའ་བཅར་ཞིབ་འཇུག་གསར་སྤེལ་བྱས་ནས་ཐོན་ལས་འཁོར་འབྲེལ་མཉམ་འདྲེས་དེ་བས་ལེགས་པ་བྱུང་ཡོད། “ང་ཚོས་ནང་འདྲེན་འགྲེམས་ཚོགས་ཀྱི་ལས་སྟེགས་བརྒྱུད། ཀྲེང་ཏ་ཚོགས་པའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ལེགས་ཆ་མངོན་པ་དང་དུས་མཚུངས་སུ་ཐེ་ལན་གྱི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་འཛད་སྤྱོད་པར་ངོ་སྤྲོད་བྱེད་པའི་རེ་བ་ཡོད”ཅེས་ཧོང་ཝེ་ཝེ་ཡིས་བརྗོད་ཅིང་། ཁོང་གིས། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཚོགས་པར་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་མངོན་འགྱུར་ཡོང་ཆེད་གཞོགས་འདེགས་བྱས་ཡོད་ཅེས་ཀྱང་བརྗོད་པ་རེད།

    སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་སུ་ཐེ་ལན་ནི“ཀྲུང་གོར་ཕྱིར་གཏོང”2026ལོ་འཁོར་གྱི་བརྗོད་དོན་གཙོ་བོའི་རྒྱལ་ཁབ་ཀྱི་གྲས་རེད། “ཐེ་ལན་གྱི་ཁེ་ལས་40ཙམ་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པར་ཞུགས་ནས་ཐེ་ལན་གྱི་སྤུས་ལེགས་ཐོན་རྫས་སྣ་ཁ་ཕུན་སུམ་ཚོགས་པོ་ཁྱེར་ཡོད་པ་དང་། ང་ཚོས་ཞིང་ལས་ཐོན་རྫས་དང་ལས་སྣོན་བཟའ་བཅའ་ཁག་གཅིག་གཙོ་གནད་དུ་འགྲེམས་སྟོན་བྱས་པ་ཡིན། འདི་ནི་ཐེ་ལན་གྱི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཙམ་ལྡན་པའི་ལེགས་ལྡན་ཁྱབ་ཁོངས་ཤིག་ཡིན་པས། འབྲེལ་ཡོད་ཐོན་རྫས་ལ་ཀྲུང་གོའི་འཛད་སྤྱོད་པའི་དགའ་བསུ་འཐོབ་རྒྱུའི་ཡིད་ཆེས་ཡོད”ཅེས་ཧྲང་ཧའེ་རུ་བཅའ་སྡོད་ཐེ་ལན་གྱི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ཚོང་དོན་ཁེ་སྐྱོང་བ་ཁྲེན་ཧྲི་ཀོང་གིས་བརྗོད།

    ཀྲུང་གོ་འདི་ཉིད་ལོ་13བསྟུད་མར་ཐེ་ལན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་ཞིང་ལས་ཐོན་རྫས་ཕྱིར་གཏོང་གི་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད། ཕྱོགས་གཉིས་ཀྱི་ཚོང་དོན་ཐད་གློག་རྡུལ་ཐོན་རྫས་དང་། འཕྲུལ་ཆས་སྒྲིག་ཆས། རླངས་འཁོར་དང་དེ་བཞིན་ལྷུ་ལག་ཆེ་ཆུང་། འགྱིག ཤིང་འབྲས། ལས་སྣོན་བཟའ་བཅའ་སོགས་ཁྱབ་ཁོངས་ཚུད་པས། ཕན་ཚུན་གསབ་རེས་རང་བཞིན་དང་ཐོན་ལས་འཁོར་འབྲེལ་གྱི་འབྲེལ་བ་ཆེ་ཙམ་མངོན་ཡོད། ད་ལོའི་དུས་ཚིགས་དང་པོར་ཀྲུང་གོ་དང་ཐེ་ལན་ཕྱོགས་གཉིས་པོའི་ཉོ་ཚོང་ཨ་སྒོར་དུང་ཕྱུར་400ལས་བརྒལ་བ་དེ་དུས་མཚུངས་ལས་20%ལས་བརྒལ་ཡོད།

    “ཐེ་ལན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་དུས་ཡུན་རིང་པོར་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་པས། ཕྱོགས་གཉིས་པོའི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་སྔར་བཞིན་ཆེན་པོ་ཡོད། རྒྱལ་ཁབ་གཉིས་པོས་ནང་འདྲེན་འགྲེམས་ཚོགས་སོགས་ཀྱི་ལས་སྟེགས་བརྒྱུད་ཁེ་ལས་དབར་གྱི་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས། ཕྱོགས་གཉིས་པོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དེ་བས་མང་བ་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། མ་འོངས་པར། ཕྱོགས་གཉིས་པོས་ཞིང་ལས་ཐོན་རྫས་ཉོ་ཚོང་དང་། བཟའ་བཅའ་ལས་སྣོན། གྲང་ཕྲེང་ཟོག་འགྲུལ། གྲངས་འཛིན་ཚོང་དོན། མཁོ་སྤྲོད་འཁོར་འབྲེལ་འཛུགས་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ཤུགས་ཆེར་གཏོང་གི་ཡིན། ཟོག་འགྲུལ་ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་གྲངས་འཛིན་ལག་རྩལ་དེ་བས་ལེགས་པ་སྤྱད་དེ་ཐེ་ལན་གྱི་ཐོན་རྫས་དག་ཀྲུང་གོའི་ཁྲོམ་རར་སྔར་བས་ཁྱབ་པ་དང་ཀྲུང་གོའི་འཛད་སྤྱོད་པའི་ལག་ཏུ་འབྱོར་ཐུབ་པར་རམ་འདེགས་བྱ་རྒྱུའི་ཐད་ང་ཚོས་རེ་བ་ཆེན་པོ་བྱེད་ཀྱི་ཡོད”ཅེས་ཁྲེན་ཧྲི་ཀོང་གིས་བརྗོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།