ཡུན་ནན་ས་གཞིར་སེ་འབྲུའི་མེ་ཏོག་མཚར།
—— ཡུན་ནན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་ལེའུ་གསར་པ་བརྩམས་པ།
ཡུན་ནན་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་རིགས་མང་ཤོས་ཀྱི་ཞིང་ཆེན་ཞིག་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་མཚོན་བྱེད་རེད།
2025ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས། ཡུན་ནན་དུ་མི་རིགས་མང་བས་མཐའ་མཚམས་མི་རིགས་ས་ཁུལ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་ཕྱོགས་ཡོངས་ནས་མཉམ་འདྲེས་བྱེད་པའི་ལག་ལེན་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
ཡུན་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དུ་ཧུར་ཐག་འགྱུར་བར་བྱེད་དགོས་པའི”ཐུགས་རེ་དང་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ལས་དོན་ཁག་གི་གཙོ་རྐང་དུ་བཟུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་གཏོང་བའི་ཐད་ལེའུ་གསར་པ་རྩོམ་བཞིན་ཡོད། ཉེ་ཆར། གསར་འགོད་པ“གཅིག་མཐུན་ཚོགས་པ་བརྟན་པོར་འཛུགས། ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་བསྟུན་ནས་ཡུན་ནན་དུ་བསྐྱོད་ཅིང་། གསར་འགོད་པ་སླེབས་སའི་ཡུལ་ལུང་གང་སར་མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྤྲོ་བཅས་ཀྱི་རྣམ་པས་ཁེངས་ཤིང་། སེམས་ནུས་གཅིག་སྒྲིལ་གྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་སེམས་ཤུགས་འཕེལ་བཞིན་མཆིས།
རིག་གནས་ཀྱིས་སེམས་ཀྱི་ཞིང་ས་བརླན་ནས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་པ།
ཡུན་ནན་ཉིང་ཨེར་དུ་དྲོ་འཇམ་ཉི་འོད་འོག ཕུའུ་ཨེར་མི་རིགས་མཐུན་སྒྲིལ་དམ་བཅའི་རྡོ་རིང་འགྱིང་ངེར་གནས། རྡོ་རིང་མདུན་དུ་དམ་བཅའ་འཇོག་མཁན་འཐུས་མིའི་རྗེས་རབས་པ་ཧྥང་ཚའེ་པིང་གིས་བརྩེ་བ་ཟབ་མོས་རྡོ་རིང་དང་འབྲེལ་བའི་གཏམ་རྒྱུད་ཤོད་བཞིན་ཡོད། 1951ལོའི་གནམ་ལོ་གསར་ཚེས་ཉིན་ནས་བཟུང་། ཕུའུ་ཨེར་ཆེད་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་དམ་འཇོག་ཚོགས་ཆེན་འཚོགས་ནས། “བློ་གཅིག་སེམས་གཅིག་གིས་མཐུན་སྒྲིལ་དམ་ཟབ་བྱེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་འདྲ་མཉམ་དང་། རང་དབང་། བདེ་སྐྱིད་བཅས་ལྡན་པའི་ཁྱིམ་ཚང་ཆེན་པོ་སྐྲུན་ཆེད་འབད་འཐབ་བྱ་རྒྱུའི་དམ་བཅའ་འཇོག་གི་ཡིན”ཞེས་འཁོད་པའི་་མི་རིགས་མཐུན་སྒྲིལ་དམ་བཅའི་རྡོ་རིང་བཙུཌ།
བགྲང་བྱ་70ལྷག་ཙམ་རིང་རྡོ་རིང་ཐོག་གི་དམ་བཅའི་ཚིག་དེ་དག་སྔ་ས་ནས་ཡུན་ནན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲག་རྒྱུན་དུ་སིམས་ཡོད།
2024ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཨེར་གྱི་མི་རིགས་མཐུན་སྒྲིལ་དམ་བཅའི་རྡོ་རིང་གི་དམ་བཅའ་འཇོག་མཁན་གྱི་འཐུས་མིའི་རྗེས་རབས་པར་འཕྲིན་ལན་སྤྲིངས་ནས། “མི་རིགས་ཁག་གི་མི་དམངས་ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བློ་ལ་བརྟན་པོར་ངེས་ཤིང་ཁྲག་རྒྱུན་དུ་སིམ་པར་བྱས་ནས། མེས་རྒྱལ་གྱི་མངའ་ཁོངས་ས་ཆ་མཉམ་དུ་སྲུང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཇི་ཙམ་བཞད་པ་དེ་ཙམ་གྱིས་མཚར་སྡུག་ལྡན་པར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
ཡུན་ནན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཀྲེང་ཧུང་གིས། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། ཡུན་ནན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་ལས་དོན་ཁག་གི་གཙོ་རྐང་དུ་བརྩིས་ནས། ཞིང་ཆེན་རིམ་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོའི་དཔེ་སྟོན་སློབ་གྲྭ་304མིང་བཏགས་ནས་བཙུགས་པ་དང་། རིམ་རྩིས་བརྒྱབ་ན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་དང་རིག་གནས་རྩེར་སོན་འདུ་འགོད་ཀྱི་རྣམ་གྲངས་1239ལག་ལེན་བསྟར་བ། 《རྫ་ཆུའི་ཆུ་དཔོན》དང《རྒན་ཀུའེ་མེ་ལགས》སོགས་ཀྱི་རིག་རྩལ་བརྩམས་ཆོས་རྩེ་གྲ་གསར་རྩོམ་བྱས་པ། 《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྤྱི་བཤད》ཀྱི་བསླབ་གཞི་མཐོ་སློབ་ཚང་མར་ཁྱབ་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས།
ཡུས་ཤིས་ཉེ་ཨེར་སློབ་ཆུང་གི་ལུས་རྩལ་ཐང་དུ་མི་རིགས་ཁག་གི་ཕྲུ་གུས་གཟའ་འཁོར་རེར་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་གྱི་ཡོད། སློབ་གྲྭས་ལོ་གཉིས་བསྟུད་མར་ཧྲང་ཧའེ་དགེ་འོས་སློབ་གྲྭ་གཉིས་པའི་ཞོར་གཏོགས་སློབ་ཆུང་དང་མཉམ་དུ“དར་ཆ་གཅིག་མཉམ་དུ་སྒྲེང་བ་དང་། གླུ་གཞས་གཅིག་མཉམ་དུ་ལེན་པ། རི་མོ་གཅིག་མཉམ་དུ་འབྲི་བ”བཅས་ཀྱི་བརྗོད་དོན་གཙོ་བོའི་སྤེལ་རེས་བྱེད་སྒོ་སྤེལ་བ་དང་། སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཚུའེ་དབྱིང་གིས“ཡུས་ཤིས་ཀྱི་ལོ་ཆུང་བྱིས་པས་ཕ་ཡུལ་གྱི་རི་ཀླུང་རི་མོར་བཀོད་པ་དང་། ཧྲང་ཧའེ་ཡི་སློབ་མས་ས་གནས་དེ་གའི་ཉམས་འགྱུར་མཚོན་པའི་དངོས་ལྗོངས་རི་མོར་བཀོད་ནས། པིར་རྩལ་སྤེལ་རེས་ཁྲོད་གཅིག་སེམས་གཅིག་ལ་བསྒྲིལ་ཡོད”ཅེས་བརྗོད།
སྤུན་ཉེ་འཆམ་མཐུན་གྱིས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ།
ཨེ་ཧྲན་དབྱིས་རིགས་རང་སྐྱོང་རྫོང་ལེན་ཅང་སྡེ་ཁུལ་དུ་དབྱིས་རིགས་དང་། རྒྱ་རིགས། ཧ་ཉི་རིགས་སོགས་མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྤྲོ་བཅས་བྱས་ནས་གཞིས་ཆགས་ཡོད། སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ལུའོ་ཅ་ཧྥུའུ་ཡིས། སྡེ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་ཁྲོམ་གཞུང་བསྐྲུན་པ་དང་། ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་བཙུགས་ཏེ་མང་ཚོགས་ལ་ལས་ཞུགས་རོགས་སྐྱོར་དང་། དཀའ་ངལ་ཁ་གསབ། འཚོ་བའི་གྲོན་དངུལ་ཚབ་གཉེར་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད་ཅེས་བརྗོད་པ་དང་། ཁོང་གིས“ཚང་མ་གྲོང་པ་ཁྱིམ་མཚེས་ཡིན་པས་ཡུན་རིང་འགྲོགས་ན་ཁྱིམ་ཚང་གཅིག་གི་ནང་མི་ལྟ་བུ་རེད”ཅེས་བརྗོད།
“ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། ཡུན་ནན་གྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཡོངས་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ཚན་པ་89འཛུགས་གཏོད་བྱས་པ་དང་། དཔེ་བཟང་མཉམ་སྡེབ་དང་མི་སྒེར་48ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་ཡོད། 《ཡུན་ནན་ཞིང་ཆེན་གྱི“ཞི་མཐུན་མཉམ་གནས་ཀྱི་ཁྱིམ་ཚང”གི་སྒར་རེས་རྣམ་པའི་སྡེ་ཁུལ་འཛུགས་སྐྲུན་ལས་དོན་གྱི་མཛུབ་ཁྲིད་རྩ་དོན》གཏན་འབེབས་བྱས་ནས“ཁྱིམ་ཚང་བརྒྱའི་གསོལ་སྟོན”དང་། “ལག་གདང་སྦྲེལ་བ” “ཁྱིམ་ཚང་གཅིག་ལྟར་བརྩེ”བཅས་ཀྱི་མཉམ་འབྲེལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་རེད།
ཏ་ལི་ཨེར་ཧའེ་རྒྱ་མཚོའི་སྐྱེ་ཁམས་བར་ཁྱམས་འགྲམ་དུ་ཤ་མོ་གྲོང་ཚོའི་ཡུལ་མི་ཏུའུ་ཅེས་བཙུགས་པའི“སྙིང་དབུས་ཀོག་ཧྥེ་ཁང”དེ་མི་རིགས་མང་པོ་འདུས་སྡོད་ཀྱི་དྲོ་སྐྱིད་ལྡན་པའི་ཞིང་སར་གྱུར་ཞིང་། ཀོག་ཧྥེ་ཁང་ནང་རྒྱ་རིགས་དང་། པའེ་རིགས། དབྱིས་རིགས། ཏའེ་རིགས་བཅས་ཀྱི་ལས་མི་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཁོང་ཚོས་མི་རིགས་ཀྱི་ཁྱད་ལྡན་ཀོག་ཧྥེའི་རིག་གནས་དང་སྲོལ་རྒྱུན་རིག་གནས་རྒྱུན་གཏན་གྱི་འཚོ་བ་དང་མཉམ་འདྲེས་བྱེད་ཀྱི་ཡོད། ཚོང་ཁང་ཆུང་ཆུང་ཕུད་མི་རིགས་ཁག་གི་མང་ཚོགས་ཀྱིས་ས་གནས་དེ་གར་མཉམ་དུ་ལས་གཏོད་དང་། ལས་ཞུགས། འཚོ་སྡོད་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་འགྱུར་ཁུག་སྙན་མོ་ཞིག་རྩོམ་བཞིན་མཆིས།
སྡེ་ཁུལ་ནས་འགྲན་རའི་བར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་སྔར་བས་བརྟན་དུ་འགྲོ་བཞིན་ཡོད། ཡུན་ནན་གྱིས་ད་དུང་རྒྱུན་རྣམ་ཅན་གྱི་སྒོ་ནས་འབྲེལ་ཡོད་འགྲན་བསྡུར་བྱེད་སྒོ་སྤེལ་ཏེ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཡུན་ནན་གྱི་འཐུས་མི་ཚོགས་པས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པར་ཞུགས་པར་གཟེངས་བསྟོད་རྟགས་མ་ཐོབ་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཀྱི་ཡོད།
ལས་རིགས་དར་ཞིང་མི་སེམས་གཅིག་ཏུ་བསྒྲིལ་ནས་ཐུན་མོང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བཏང་བ།
2020ལོའི་ཟླ་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ཐེང་ཁྲུང་གྲོང་ཁྱེར་ཆིང་ཧྲུའེ་ཤང་སན་ཅ་གྲོང་ཚོར་རྟོག་ཞིབ་གནང་སྐབས། “གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་པོ་བཏང་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་སྙོམས་ངང་མི་རིགས་ཁག་གི་མི་དམངས་ལ་ཕན་པ་ཐོབ་པར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
སན་ཅ་གྲོང་ཚོའི་ཀྲུང་ཀྲའེ་སི་མོ་ལཱ་དབའ་རིགས་གྲོང་ཚོར་དབའ་རིགས་དང་། རྒྱ་རིགས། པའེ་རིགས། ཏའེ་རིགས་བཅས་མི་རིགས་མང་པོ་མཉམ་དུ་འཚོ་བ་བསྐྱལ་ནས་ལོ་500ལྷག་ཙམ་སོང་ཡོད། ལོ་འདི་དག་རིང་གྲོང་ཚོར་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་བས་དབའ་རིགས་ཀྱི་ཡུལ་མི་ལི་ཧྥ་ཧྲུན་གྱིས་ཁྱིམ་གྱི་སྒོ་འགྲམ་དུ་འབྲས་མོག་དང་ཙོང་གི་བག་ལེབ་བཟོ་ཡི་ཡོད་པས་སྒོ་ར་ཆུང་ཆུང་དེ་ཡུལ་སྐོར་བའི་གཱ་ཐོ་འགོད་ཡུལ་དུ་གྱུར་ཡོད། ཁོང་གིས་ད་ཆ་ཡུལ་སྐོར་བ་ཇེ་མང་དུ་སོང་བས་ཁྱིམ་དུ་ལོའི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་གྱི་འདུག འཚོ་བ་སྐྱིད་པོ་འདུག་ཅེས་བཤད།
ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཕྱིན་པས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་སྐྱིད་སྣང་དོད་པ་ཞིག་ཡོད།
ཕུའུ་ཨེར་ཅིང་མའེ་ཧྲན་རི་བོའི་གནའ་བོའི་ཇ་ཞིང་ར་བར་སྨུག་སྤྲིན་གྱིས་བཀླུབས་ཤིང་། ཏའེ་རིགས་དང་། པུའུ་ལང་རིགས། ཧ་ཉི་རིགས་སོགས་ཀྱི་མང་ཚོགས་རྣམས་ཕ་ཚ་བུ་རྒྱུད་བར་ནགས་ཁྲོད་དུ་ཇ་ཤིང་བཏབ་ནས་འཚོ་བ་སྐྱེལ་བཞིན་ཡོད། ཝུང་ཅིའི་ཡུལ་མི་ཚོགས་ཆུང་གི་ཙུའུ་ཀྲང་ཀྲང་ཀོང་མིང་གིས། གྲོང་སྡེར་ཇ་ལོའི་མཉམ་ལས་ཁང་ཁ་ཤས་ཡོད་པ་དེ་དག་གིས་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཕྱུག་འགྱུར་ལམ་དུ་སྐྱོད་བཞིན་ཡོད་ཅེས་བཤད། ནུའོ་ཀན་གྲོང་ཚོའི་ཡུལ་མི་ཤན་ཅིན་གྱིས་དུད་ཁྱིམ་ཚང་མར་སོ་སོའི་ཇ་ར་ཡོད་པ་དང་། གནའ་བོའི་གྲོང་སྡེ་དང་གནའ་བོའི་ཇ་ཤིང་ནགས་ཚལ་ལས་ཡོང་འབབ་དེ་བས་མང་བ་བྱུང་ནས་ཚང་མར་ཁྱིམ་གྱི་སྒོ་འགྲམ་དུ་འབབ་འཕར་ཕྱུག་འགྱུར་བྱུང་ཡོད་ཅེས་འཛུམ་དམུལ་དམུལ་ངང་བཤད།
ཡུན་ནན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ས་མཐོའི་ཁྱད་ལྡན་ཞིང་ལས་དང་། རིག་གནས་ཡུལ་སྐོར། ལྗང་མདོག་ནུས་རྒྱུ། དེང་རབས་ཟོག་འགྲུལ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱུན་མཐུད་སྲ་བརྟན་དང་སྟོབས་ཆེར་ཕྱིན་པ་དང་། ཐོན་ཁུངས་དཔལ་འབྱོར་དང་། གླིང་ཁུལ་དཔལ་འབྱོར། འགག་སྒོའི་དཔལ་འབྱོར་བཅས་ཀྱི“དཔལ་འབྱོར་ཆེན་པོ་གསུམ”འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་། “ལྗང་གློག་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཟུང་དུ་སྦྲེལ་བའི”ལེགས་ཆ་གསར་པ་མགྱོགས་མྱུར་ཆགས་ནས་ལྗང་མདོག་ཧ་ཡང་དང་། སྭེལ་འོད་ཤུགས། ནུས་རྒྱུ་གསར་པའི་གློག་རྫས་བཅས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་ལོར་ཆ་སྙོམས་30.4%འཕར་བ། མེ་ཏོག་གི་ཐོན་འབབ་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་དང་བུམ་སྒྲིལ་མེ་ཏོག་སོས་པའི་བསྡུར་ཚད་60%ཟིན་པ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་3ལས་བརྒལ་ནས་ལོར་ཆ་སྙོམས་4.7%འཕར་ཏེ་དཔལ་འབྱོར་གྱི་དངོས་ཡོད་སྟོབས་ཤུགས་སྐས་རིམ་གསར་པར་སླེབས་ཡོད་པ་རེད།
ལུང་ལི་གྲོང་ཚོ་དེ་ཤིས་ཧྲོང་པན་ན་ཀྲོའུ་མོང་ཧའེ་རྫོང་ཏ་ལུའོ་གྲོང་རྡལ་དུ་ཆགས་ཡོད་པས“མཐའ་མཚམས་ཀྱི་གྲོང་ཚོ་དང་པོ”ཞེས་བརྗོད་ཀྱི་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡུས་ཨེར་ནན་གྱིས། ཉེ་བའི་ལོ་ཤས་རིང་གྲོང་ཚོར་འགྱིག་ལེབ་དང་འབྲུག་སིལ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་མ་ཟད། ཡུལ་སྐོར་ཀུང་སི་ནང་འདྲེན་ཡང་བྱས་ནས་གསར་བརྗེའི་ཡུལ་སྐོར་དང་། ཤིང་འབྲས་དང་སྔོ་ཚལ་འཐུ་བ། བཟའ་བཏུང་དང་དམངས་སྲོལ་གནས་ཚང་བཅས་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཡུལ་སྐོར་གྱི་ཕྱོགས་བསྡུས་དངོས་ཚན་བཏོད་ཡོད། 2025ལོར་གྲོང་ཚོ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་12.75ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་184ལྷག་ཙམ་ཟིན་ཏེ་ཡུལ་མི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་2.8ཟིན་ཡོད། ད་ཆ་ལུང་ལི་གྲོང་ཚོར་མཐའ་མཚམས་ཀྱི་བདེ་སྐྱིད་ལྡན་པའི་གྲོང་ཚོ་བསྐྲུན་ཡོད་པ་རེད།
དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག་ཡུན་ནན་གྱིས་མཐའ་མཚམས་ཀྱི་བདེ་སྐྱིད་ལྡན་པའི་གྲོང་ཚོ་374ཡི་འཛུགས་སྐྲུན་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་། 2025ལོར་སྐམ་སའི་མཐའ་མཚམས་སྲིད་འཛིན་གྲོང་ཚོའི་གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24573ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར་6059ཡིས་མཐོ་བ་ཡོད། ཀྲོའུ(གྲོང་ཁྱེར)14ལ་མྱུར་བགྲོད་མེ་འཁོར་རམ་ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཐུབ་པ་དང་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོ་ཚང་མར་ཨར་འདམ་ལམ་དང་5Gདྲ་རྒྱ་ཤར་གཏོང་ཐུབ་པ་དང་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་ཐུབ་ཚད་97.82%ཟིན་ཡོད་པ་རེད།
ཡུན་ནན་གྱི་ས་གཞི་ཆེན་པོར་སེ་འབྲུའི་མེ་ཏོག་རབ་ཏུ་བཞད་ཅིང་། ཡུན་ནན་གྱི་མི་རིགས་ཁག་གི་མང་ཚོགས་རྣམས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་འགྲིལ་བ་དང་། མཐུན་སྒྲིལ་ཡར་ཐོན་དང་། འབྱོར་ཕྱུག་དང་མཛེས་སྡུག་ལྡན་པ། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་ཡུན་ནན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།