“ང་ཚོ་ནི་ཁྱེད་ཀྱི་ནང་མི་ཡིན”
—— སྒྲོལ་འཛོམས་ཁྱིམ་གྱིས་གྲོང་ཚོའི་ནང་གི་དཀའ་ངལ་ཡོད་པའི་རྒན་རྒོན་ལ་ལྟ་རྟོག་བྱས་པའི་སྐོར་གྱི་གཏམ་རྒྱུད།
2006ལོར། ལོ་ན་བགྲེས་པའི་ཚེ་རིང་མགོན་པོ་དང་ཁོང་གི་བཟའ་ཟླ་པད་ཆོས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་བུ་ལུང་གྲོང་ཚོར་སྤོས།
སྐབས་དེ་དུས་ཀྱི་གྲོང་ཚོའི་ལས་བྱེད་པ་ཀའོ་ཧྲང་ས་སྲོས་མཚམས་སུ་རྒན་རྒོན་གཉིས་སྡོད་སའི་ཁང་པའི་འགྲམ་དུ་སླེབས་སྐབས། ཁང་པའི་ནང་འཛུལ་ནས་ལྟ་དུས་ཐིགས་པ་རྒྱག་པ་དང་ཐབ་ཀར་མེ་སྤར་མེད་པས་གྲང་ཤུར་ཤུར་གྱི་ཚོར་སྣང་་བྱུང་ཡོད། སྐད་ཆ་གསལ་པོ་འདྲི་དུས་རྒན་རྒོན་གཉིས་ལ་མེ་ཤིང་མེད་པའི་རྐྱེན་གྱིས་མཚན་གང་ལྟོགས་སྒོམ་རྒྱག་པའི་གནས་ལ་ཐུག་ཡོད་པ་ཤེས།
ཀའོ་ཧྲང་སེམས་ཀྱིས་མ་བཟོད་པར་འཕྲལ་མར་ཁྱིམ་དུ་ལོག་སྟེ་བཟའ་ཟླ་སྒྲོལ་འཛོམས་དང་གྲོས་བསྡུར་བྱས།
“ངས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཁྱིམ་གྱི་ཉལ་ཆས་མཐུག་པོ་དེ་སྔོན་ལ་བསྐྱལ་བ་ཡིན” སྒྲོལ་འཛོམས་ཀྱིས་སླར་ཡང་རྒན་རྒོན་གཉིས་ཀྱི་ས་ཕག་ཁང་པའི་ནང་བསྐྱོད་དེ་རྒན་རྒོན་གཉིས་པོར་མེ་ཁ་གསོ་རོགས་བྱས། རྒན་རྒོན་གཉིས་པོས་ཇ་ཚ་པོ་འཐུང་དུས་སྒྲོལ་འཛོམས་ཀྱིས་ཁོང་གཉིས་ལ་ལྟ་རྟོག་བྱ་རྒྱུའི་སེམས་ཐག་བཅད། དུས་དེ་ནས་བཟུང་ཁོང་གི་འཚོ་བའི་ནང་གློ་བུར་དུ་སེམས་ཁྲལ་བྱེད་ས“པཱ་ལགས”དང“ཨ་མ་ལགས”མང་དུ་ཕྱིན།
འོན་ཀྱང་ཚོད་བགམ་ངོ་མ་གློ་བུར་དུ་བྱུང་ཡོད།
ལོ་དགུའི་གོང་གི་ཆར་པ་འབབ་པའི་མཚན་མོ་ཞིག་ལ། བགྲེས་སོང་ཚེ་རིང་མགོན་པོར་ཚ་བ་ཆེན་པོ་རྒྱས། སྒྲོལ་འཛོམས་དང་ཀའོ་ཧྲང་གིས་མཚན་མོ་དེ་རང་ལ་བགྲེས་སོང་འཁུར་ནས་འདམ་རྫབ་ཀྱི་ལམ་དུ་གོམ་པ་རེ་རེ་བཞིན་བརྒྱུད་སྨན་ཁང་ཕྱོགས་སུ་བསྐྱོད་དེ་མཐར་བགྲེས་སོང་གི་སྲོག་སྐྱོབ་ཐུབ་ཡོད། འོན་ཀྱང་དུས་དེ་ནས་བཟུང་བགྲེས་སོང་མལ་སར་ལུས།
དེ་སྔ་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་སྨན་བཅོས་ཀྱི་ཆ་རྐྱེན་ཞན་པའི་དགེ་ཐང་ཤང་དུ་མལ་སར་ལུས་པའི་ནད་པར་ལྟ་རྟོག་བྱེད་པར་དཀའ་ཚེགས་ཧ་ཅང་ཆེ། ཀའོ་ཧྲང་ནི་ཁྱིམ་གྱི་ཀ་བ་ལྟ་བུ་ཡིན་པས་སོ་ནམ་ལས་ཀ་ཡོད་ཚད་བྱེད་དགོས་ཀྱི་ཡོད། དེས་ན་ཨ་སློག་རྒྱག་པ་དང་། གཟུགས་པོ་འཁྲུ་བ། ལྟོ་སྟེར་བ། བཙོག་གཅིན་སྒུག་པ་སོགས་བགྲེས་སོང་ལ་ལྟ་རྟོག་བྱེད་པའི་ཁུར་པོ་ཡོད་ཚད་སྒྲོལ་འཛོམས་ཀྱི་ཕྲག་ཐོག་ཏུ་བབས།
ཐོག་མར་ཁོང་གིས་རྒན་རྒོན་ལ་ལྟ་རྟོག་བྱེད་སྐབས་བྱང་པོ་དེ་ཙམ་མེད། ཐེངས་ཤིག་ཨ་སློག་རྒྱག་སྐབས་ཤུགས་ཆེ་དྲགས་པའི་དབང་གིས་བགྲེས་སོང་གི་ལག་ངར་སྨུག་པོར་གྱུར། དེར་ཁོང་སེམས་ཀྱིས་མ་བཟོད་པར་ཉིན་ཤས་རིང་གནོང་འགྱོད་བྱས་ནས་བསྡད། དུས་དེ་ནས་བཟུང་། ཁོང་གིས་ལག་རྩལ་སྣ་གཅིག་ལ་བརྩོན་ཞིབ་བྱེད་པ་ལྟར་རྒན་རྒོན་ལ་ལྟ་རྟོག་ཡག་པོ་བྱས་པས། རྒན་རྒོན་ལ་ཞབས་ཏོག་སྒྲུབ་མཁས་པར་གྱུར། རྒན་རྒོན་གྱི་དཔྱི་མགོར་རྨ་མི་ཆགས་པའི་ཆེད། ཁོང་གིས་ཉིན་ལྟར་ཆུ་དྲོ་མོས་བགྲེས་སོང་གི་གཟུགས་པོ་འཁྲུད་ཀྱི་ཡོད།
རྟག་ཏུ་ཆུར་ལག་པ་བརྒྱབ་པའི་དབང་གིས་སྒྲོལ་འཛོམས་ཀྱི་ལག་པར་སེར་ག་གས་ཡོད་མོད། འོན་ཀྱང་ཁོང་གིས་རྒན་རྒོན་ལ་གཡོག་བྱེད་རྒྱུག་སྐབས་གང་ཡག་ཡག་བྱེད་ཀྱི་ཡོད། བགྲེས་སོང་བློ་ཡིད་ཚིམ་པོ་བྱུང་བ་མཐོང་སྐབས་ཁོང་གི་ལུས་སེམས་ཀྱི་ངལ་བ་ཚང་མ་འཇའ་ལྟར་ཡལ་འགྲོ་གི་ཡོད།
གྲོང་པ་ཁག་གཅིག་གིས་སྒྲོལ་འཛོམས་ལ“རང་གིས་བགྲེས་སོང་ལ་ཡག་པོ་དེ་འདྲ་བྱེད་དོན་གང་ཡིན”ཞེས་འདྲི་སྐབས། རྒྱུན་དུ་སྨྲ་ལྕེ་བདེ་པོ་མེད་པའི་ཁོང་གིས་འཚེར་སྣང་ངང“དེ་སྔོན་དམག་སྡེ་བཅོ་བརྒྱད་པ་ང་ཚོ་མེ་ཏོག་ཏུ་ཡོང་སྐབས། ང་ཚོ་དང་གཉེན་ཚན་གང་ཡང་མིན་ཡང་རིན་བྲལ་ཚེ་སྲོག་བློས་བཏང་ནས་ང་ཚོར་རོགས་རམ་བྱས་ཡོད་པ་རེད། དེ་ནི་ང་ཚོས་ད་ལྟ་བགྲེས་སོང་ལ་གཡོག་བྱེད་ཏོག་ཙམ་རྒྱུག་པ་དང་བསྡུར་ས་ཡེ་ནས་མེད”ཅེས་བཤད།
ད་ཆ། ལོ་95ལ་སླེབས་པའི་ཚེ་རིང་མགོན་པོ་མལ་སར་ལུས་ནས་ལོ་མང་ཕྱིན་ཡོད་མོད། འོན་ཀྱང་སྒྲོལ་འཛོམས་ཀྱི་ལྟ་རྟོག་འོག་ངོ་གདོང་ལས་དམར་མདངས་རྒྱས་པ་དང་ལུས་ཀྱི་གྱོན་གོས་གཙང་ཞིང་དྲན་ཤེས་ཀྱང་བརྟན་པོ་ཡོད། རྒྱུན་དུ་ཁྱིམ་ལ་འཚམས་འདྲིར་ཡོང་མཁན་ཚོར“སྒྲོལ་འཛོམས་ཀྱིས་ངར་བཙོག་སྣང་དང་མཐོང་ཆུང་གཏན་ནས་མ་བྱས་པར་ལྟ་རྟོག་ཡག་པོ་བྱེད་ཀྱི་ཡོད། ཁོང་དང་ཤ་རུས་ཀྱི་འབྲེལ་བ་མེད་ཀྱང་ང་ལ་ངའི་བུ་མོ་གྲུང་གྲུང་ཞིག་ལས་ལྷག་པའི་ལྟ་རྟོག་བྱེད་ཀྱི་ཡོད”ཅེས་བགྲེས་སོང་གིས་སྒྲོལ་འཛོམས་ཀྱི་ལག་པ་རྩུབ་པོ་ནས་དམ་པོར་འཇུ་བཞིན་དེ་ལྟར་བརྗོད་ཀྱི་ཡོད། ཤ་རུས་ཀྱི་འབྲེལ་བ་མེད་པའི་བརྩེ་བ་དེ་ཉིན་རེའི་ཞིབ་ཚགས་པའི་ལྟ་རྟོག་དང་། ཉིན་ལྟར་ཉལ་ཁྲིའི་འགྲམ་དུ་བཞག་པའི་ཇ་སྲུབས་མ་ཇ་དམ་གང་ནས་མངོན་གྱི་ཡོད།
གྲོང་ཚོ་དང་ཤང་གི་ལས་བྱེད་པ་དང་མང་ཚོགས་ཀུན་གྱིས་ཁོང་གི་བྱ་བཟང་དེར་བསྟོད་པའི་མཐེ་བོང་བསྒྲེང་གི་ཡོད། ད་ཆ་སྒྲོལ་འཛོམས་ཁྱིམ་གྱིས་བསྒྲུབས་པའི་ལས་བཟང་དེ“དམིགས་བསལ”ནས“གོམས་སྲོལ”དུ་འགྱུར་བཞིན་ཡོད་པ་སྟེ། མི་ཧྲེང་རྒན་རྒོན་ལ་ཆ་སྒྲིག་རོགས་སྐྱོར་བྱེད་མཁན་ཁྱིམ་ཚང་བཅུ་གྲངས་ཡོད་ཅིང་། དེ་གར་མི་རྣམས་ཀྱིས“རོགས་སྐྱོར”ཞེས་མི་བརྗོད་པར“ང་ཚོ་ནི་ཁྱེད་ཀྱི་ནང་མི་རང་ཡིན”ཞེས་བརྗོད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།