བོད་ཀྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་དངུལ་རྩའི་དམིགས་ཚད་གཙོ་བོའི་འཕར་ཚད་ལོ་རྒྱུས་ཀྱི་དུས་མཚུངས་ལས་མཐོ་བ་ཡོད་པ།
ཚེས་9ཉིན། གསར་འགོད་པར“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ལྷུག་གཏོང་འོས་འཚམ་གྱི་དངུལ་ལོར་སྲིད་ཇུས་གནད་སྨིན་བརྒྱུད་ཁྲིད་བྱས་ནས་ས་ཁོངས་ཀྱི་དངུལ་རྩའི་ཞབས་ཞུ་རྒྱུན་མཐུད་ངང་ལེགས་སུ་བཏང་བས། ལྗོངས་ཡོངས་ཀྱི་དངུལ་རྩའི་དམིགས་ཚད་གཙོ་བོའི་འཕར་ཚད་ལོ་རྒྱུས་ཀྱི་དུས་མཚུངས་ལས་མཐོ་བ་ཡོད་ཅིང་། ཟླ་9པའི་ཟླ་མཇུག་ཏུ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་གྱི་གསོག་འབོར་སྒོར་དུང་ཕྱུར་ཁྲི་1.2ཟིན་པ་དེ་དུས་མཚུངས་ལས་18.6%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་11.5ཡིས་མཐོ་བ་ཡོད། ཟླ་དང་པོ་ནས་དགུ་པའི་བར་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་འཕར་ཚད་སྒོར་དུང་ཕྱུར་1459.6ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་612.7འཕར་ནས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་དངུལ་རྩའི་འཁོར་རྒྱུག་བརྟན་པོ་ཡོད་པས་གྲངས་འབོར་འཕར་བ་དང་། སྤུས་ཚད་ལེགས་པ། རིན་གོང་བརྟན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། ཡིད་རྟོན་དངུལ་བུན་གྱི་བསྡོམས་འབོར་བརྟན་པོའི་ངང་འཕར་ཞིང་། ཟླ་9པའི་ཟླ་མཇུག་ཏུ། ལྗོངས་ཡོངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་7975.8ཟིན་པ་དེ་དུས་མཚུངས་ལས་17.5%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། བཅོལ་དངུལ་གྱི་གཞི་ཁྱོན་བརྟན་པོའི་ངང་འཕར་ཞིང་། མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་ལྷག་གྲངས་ཁག་སྒོར་དུང་ཕྱུར་7464.9ཟིན་པ་དེ་དུས་མཚུངས་ལས་10.1%འཕར་བའི་ནང་དུད་ཚང་གི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར་2039.3ཟིན་པ་དེ་དུས་མཚུངས་ལས་11%འཕར་ཡོད། དངུལ་བུན་གྱི་སྐྱེད་ཚད་དམའ་རུ་ཕྱིན་ཞིང་། ཟླ་དང་པོ་ནས་དགུ་པའི་བར་ལྗོངས་ཡོངས་སུ་གསར་དུ་བཏང་བའི་སྤྱིར་བཏང་ཚོང་ལས་རང་བཞིན་གྱི་དངུལ་བུན་གྱི་ཆ་སྙོམས་སྐྱེད་ཚད་1.26%ཟིན་པ་དེ་དུས་མཚུངས་ལས་གཞི་གནས་2ཆག་པ་དང་། ཁེ་ལས་ཀྱི་དངུལ་བུན་གྱི་ཆ་སྙོམས་སྐྱེད་ཚད་1.28%ཟིན་པ་དེ་དུས་མཚུངས་ལས་གཞི་གནས་3ཆག་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།