ཐེན་ཧྲན་རི་བོར་མཐུན་སྒྲིལ་རྩ་བ་ཚུགས། འཚོ་བའི་སྡོང་པོར་བདེ་སྐྱིད་ལོ་འདབ་རྒྱས།
“ལིའུ་ཤིང་ཁྲོམ་གཞུང་ནས་པ་དབྱང་རོལ་ཆའི་སྙན་དབྱངས་གྲགས……” མུན་རུབ་པ་དང་བསྟུན་ཤིན་ཅང་དབྱི་ཉིང་གྲོང་ཁྱེར་ལིའུ་ཤིང་ཁྲོམ་གཞུང་གི་ཟ་ཁང་ཞིག་ཏུ་དབྱི་ལི་ཞ་ཐི·ཏི་ལི་ཞ་ཐི་ཡིས་རོལ་ཆ་ཏུང་པུ་ལ་དཀྲོལ་ནས་མགྲོན་པོ་ཚོར《ཀུ་ཤུའི་དྲི་ཞིམ》ཞེས་པའི་གླུ་གཞས་བླངས། མགྲོན་པོ་ཚོས་ཀྱང་འཁྲབ་སྟོན་པ་རྣམས་དང་མཉམ་དུ་མི་རིགས་ཁག་གི་ཞབས་བྲོ་འཁྲབ་སྟེ་སྐྱིད་པའི་དགོད་སྒྲ་ཁྲོམ་གཞུང་དུ་ཁྱབ། རོལ་དབྱངས་ལ་མི་རིགས་ཀྱི་དབྱེ་བ་མེད་ཅིང་། གླུ་གར་ལ་རོལ་བའི་ཁྲོད་དུ་མི་རིགས་ཁག་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ།
གླུ་གཞས་ཤིག་ལས་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་བ་མངོན། ལིའུ་ཤིང་ཁྲོམ་གཞུང་དུ་མི་ཚང་མ་དབྱི་ལི་མི་རིགས་མཐུན་སྒྲིལ་ལག་སྦྲེང་རོལ་ཆའི་རུ་ཁག་ལ་རྒྱུས་མངའ་ཡོད་པ་དང་། མི་རིགས་13གྱི་རོལ་དབྱངས་ལ་དགའ་པོ་བྱེད་མཁན་60ལྷག་ཙམ་གྱིས་རང་འགུལ་ངང་ཡུལ་སྐོར་བར་མི་རིགས་ཁག་གི་མཚོན་བྱེད་རང་བཞིན་ལྡན་པའི་གླུ་གཞས་དཀྲོལ་གཏོང་བྱེད་ཀྱི་ཡོད། “ང་ཚོས་གཏོང་དགའ་ཤོས་ནི《ང་དང་ངའི་མེས་རྒྱལ》ཞེས་པ་དེ་ཡིན། གླུ་གཞས་འདི་གཏོང་རིམ་བཞིན་རང་དབང་མེད་པར་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག”ཅེས་རོལ་དབྱངས་རུ་ཁག་གི་ཁོངས་མི་ཧའེ་ཀྲ་ཐུའོ་ལས་བརྗོད།
ལིའུ་ཤིང་ཁྲོམ་གཞུང་གི་ཐང་ཆེན་དུ་སྙན་འཇེབས་ལྡན་པའི་མའེ་ཤིས་རེ་ཧྥུའུ་ཡི་འགྱུར་ཁུག་གིས་ཁྱབ་ཅིང་། དེ་གའི་གྲོང་མི་རྣམས་ཀྱིས་ས་ཕྱོགས་ཁག་ནས་ཡོང་བའི་ཡུལ་སྐོར་བ་རྣམས་དང་མཉམ་དུ་དབྱངས་ཀྱི་འགྲོས་དང་བསྟུན་ནས་ཞབས་བྲོ་འཁྲབ། ཧོ་པེའི་ཡུལ་སྐོར་བ་ཀྲང་ཁྲུན་ཡན་གྱིས་ཡུལ་ལུང་དེར་དགའ་སྐྱིད་ཀྱི་དཔལ་ལ་རོལ་བ་དང“ཞབས་བྲོ་འདིས་ངའི་ཡིད་དབང་ཅིག་ཅར་དུ་འཕྲོག་སོང་། དགའ་སྤྲོའི་སྣང་བ་དེ་ལས་རང་དབང་མེད་པར་ཞབས་བྲོ་འཁྲབ་པར་ཐལ་སོང”ཞེས་ཁོང་གིས་བཤད།
ཟུར་དྲུག་དབྱིབས་ཀྱི་ཁྲོམ་གཞུང་འདིར་མི་རིགས་ཁག་གི་མང་ཚོགས་མཉམ་དུ་འཚོ་སྡོད་བྱས་ཏེ་མཐུན་སྒྲིལ་རོགས་རེས་བྱེད་ཅིང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཆབས་ཅིག མི་རིགས་ཁག་གི་གྲོང་མིས་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་བཞིན་ཡོད། ད་ལོ་ལོ་74ལ་སླེབས་པའི་ཨ་པུའུ་ཏུའུ་སུའུ་ལི·ཁུར་པན་ནི་ལིའུ་ཤིང་ཁྲོམ་གཞུང་དུ་སྐྱེས་ནས་འཚར་ལོངས་བྱུང་བ་ཞིག་རེད། ཁོང་གིས། “ཡུལ་སྐོར་དུས་ཚིགས་སུ་ཉིན་རེར་ཡུལ་སྐོར་བ་ཁྲི་གསུམ་བཞི་སླེབས་ཀྱི་ཡོད། ངའི་བུས་སྒོ་འགྲམ་དུ་ཁྲོམ་བཀྱག་བཏོན་ཏེ་བག་ལེབ་དང་། ཞོ་སྣ་ཚོགས་བཙོངས་པར་ལོ་ཕྱེད་ལ་སྒོར་ཁྲི་བཅུ་ལྷག་ཙམ་རག་གི་འདུག”ཅེས་བཤད།
འགྲེམས་ཁང་ཞིག་གིས་མཐུན་སྒྲིལ་གྱི་རོལ་དབྱངས་དཀྲོལ། ཐ་ཁྲེང་གྲོང་ཁྱེར་གྱི་ལག་སྦྲེང་རོལ་ཆའི་རིག་གནས་འགྲེམས་ཁང་དུ་རོལ་མོ་དཀྲོལ་མཁན་ཏའོ་ཝུའུ་རན·ཏུའེ་ཧྲན་ཧན་གྱིས《ཁ་ཆིའུ་ཧྲ》ཞེས་པའི་རོལ་དབྱངས་དཀྲོལ་བར་ཚང་མའི་དགའ་བསུ་ཆེན་པོ་ཐོབ་ཅིང་། རོལ་དབྱངས་དཀྲོལ་རྗེས་ཁོང་གིས་ལག་སྦྲེང་རོལ་ཆ་མར་བཞག་ནས། འགྲེམས་ཁང་དུ་རྒྱལ་ཁབ་བཅུ་ལྷག་ཙམ་གྱི་རིགས་མི་འདྲ་བའི་ལག་སྦྲེང་རོལ་ཆ་1000ལྷག་ཙམ་ཉར་ཚགས་བྱས་ཡོད་ཅེས་ཡུལ་སྐོར་བར་འགྲེལ་བཤད་རྒྱག་འགོ་ཚུགས།
ཏའོ་ཝུའུ་རན་གྱིས། ཐ་ཁྲེང་ས་ཁུལ་དུ་མི་རིགས་29ཡི་མང་ཚོགས་འཚོ་བ་སྐྱེལ་བཞིན་ཡོད། ཁོམ་དུས་སུ་ཚང་མས་མཉམ་དུ་འཛོམས་ནས་ལག་སྦྲེང་རོལ་ཆ་དཀྲོལ་ཏེ་ཞབས་བྲོ་འཁྲབ་ཀྱི་ཡོད་ལ། གལ་འགངས་ཆེ་བའི་ཉིན་མོ་འཆར་རིམ་བཞིན་ལག་སྦྲེང་རོལ་ཆའི་སྙན་འཇེབས་ལྡན་པའི་འགྱུར་ཁུག་ནི་དེ་བས་ཀྱང་མེད་དུ་མི་རུང་བ་ཞིག་ཡིན་ཞེས་གསར་འགོད་པར་བཤད།
ན་ནིང་ཟླ་8པར། མི་5282ཐ་ཁྲེང་དུ་འཛོམས་ནས་ལག་སྦྲེང་རོལ་ཆ་དཀྲོལ་ཏེ“གཞི་ཁྱོན་ཆེ་ཤོས་ཀྱི་ལག་སྦྲེང་རོལ་ཆ་མཉམ་དཀྲོལ”གྱི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་གསར་པ་བཏོད་ཡོད། “དུས་ཆེན་གྱི་དགའ་འཛོམས་དང་། གཉེན་སྒྲིག་གི་མཛད་སྒོ། ཁྱིམ་མཚེས་ཀྱི་ཁ་བརྡ་བཅས་ཀྱི་སྐབས་སུ། རོལ་དབྱངས་ཀྱི་སྒྲ་གྲགས་མ་ཐག་ཕོ་མོ་རྒན་གཞོན་ཚང་མས་དབྱངས་ཀྱི་འགྲོས་དང་བསྟུན་ནས་ཞབས་བྲོ་འཁྲབ་ཀྱི་ཡོད། མི་རིགས་དང་ལོ་ཚོད་ལ་མ་བལྟོས་པར་རོལ་ཆའི་འགྱུར་ཁུག་ནི་སྤྱི་མཐུན་གྱི་སྐད་ཆ་ཡིན”ཞེས་ཏའོ་ཝུའུ་རན་གྱིས་བཤད།
གྲོང་ཚོ་ཞིག་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད། འབུར་ལེན་རྒྱག་པའི་སྒྲ་དང་། བརྡར་སྙོམས་ཀྱི་སྒྲ། རོལ་ཆའི་སྒྲ་སོགས་ཁ་ཧྲི་ས་ཁུལ་ཧྲུའུ་ཧྥུའུ་རྫོང་ཝུའུ་ཁུའུ་ས་ཁེ་གྲོང་རྡལ་ཐུའོ་ཝན་ཁེ་ཝུའུ་ཁུའུ་ས་ཁེ་གྲོང་ཚོར་ལག་ཤེས་བཟོ་བོས་རོལ་ཆ་སྣ་ཚོགས་ཞིབ་ཚགས་ངང་བཟོ་བཞིན་ཡོད། 2025ལོར་ཡུལ་དེ་གར་རོལ་ཆ་བཟོ་མཁན་གྲོང་མི་དུད་ཚང་64ཡི་མི་130ཙམ་ཟིན་པ་དང་། ལོ་རེར་རོལ་ཆ་ཁྲི་6ལྷག་ཙམ་བཟོ་བ་དང་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་ཟིན་གྱི་ཡོད། “ལག་ཤེས་བཟོ་རྩལ་འདིར་བརྟེན་ནས་ད་ཆ་ཟས་གོས་ལ་སེམས་ཁྲལ་མི་འདུག”ཅེས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡུ་གུར་རིགས་ཀྱི་རོལ་ཆ་བཟོ་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་རེ་ཧོ་མན·ཨ་པུའུ་ཏུའུ་ལས་འཛུམ་དམུལ་དམུལ་ངང་བཤད།
ཉེ་བའི་ལོ་ཤས་རིང་། གྲོང་ཚོ་དེར་སྒྲིག་བཟོ་དང་། འགྲེམས་འཁྲབ། ཕྱིར་འཚོང་། ཉམས་ལེན་བཅས་ཟུང་དུ་འབྲེལ་བའི་རིག་གནས་དང་ཡུལ་སྐོར་གྱི་རྣམ་པ་ཆགས་ནས། 2025ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་15ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད། ས་ཕྱོགས་ཁག་ནས་ཡོང་བའི་ཡུལ་སྐོར་བས་རོལ་ཆ་དང་རིག་གནས་བསམ་བཀོད་མང་པོ་ཉོས་ཤིང་། ཉེ་འཁོར་གྱི་ཞག་སྡོད་དང་བཟའ་བཏུང་སོགས་ཀྱི་ལས་རིགས་ཀྱང་དར་ཞིང་རྒྱས་པར་བྱས། “རོལ་ཆའི་འགྱུར་ཁུག་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རོལ་དབྱངས་དཀྲོལ་ཡོད་ལ། སྙན་འཇེབས་ལྡན་པའི་དབྱངས་རྟ་ནི་ཕྱུག་འགྱུར་གྱི་གསང་ཨང་ཡིན”ཞེས་ཧྲུའུ་ཧྥུའུ་རྫོང་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཡོན་ཅུན་གྱིས་བཤད།
འབྲེལ་ཡོད་གསར་འགྱུར།