རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ།
ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྨ་ཆུ་བཅོས་སྐྱོང་བྱས་ནས་ལོ་ངོ་80སོང་བའི་ལོ་རེད། ཟླ་11ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རྨ་ཆུ་བཅོས་སྐྱོང་བྱས་ནས་ལོ་ངོ་80སོང་རིང་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཡོད།
ཆུ་བེད་པུའི་པུའུ་ཀྲང་གཞོན་པ་ཝང་པའོ་ཨེན་གྱིས། “ལོ་ངོ་80ཡི་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཆུ་བེད་པུའུ་ཡིས་རྨ་ཆུ་རྒྱུག་ཁུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་དང་མཉམ་དུ་གཞི་ཁྱོན་ཆེ་བའི་རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་གི་ལས་དོན་སྤེལ་བར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད”ཅེས་བཤད།
བློ་མཐུན་མའོ་ཙེ་ཏུང་གིས“རྨ་ཆུ་བཅོས་སྐྱོང་གི་བྱ་བ་ཡག་པོ་སྒྲུབས་དགོས”ཞེས་མངགས་བཅོལ་གནང་བ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྨ་ཆུ་དེ་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆུ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས”ཞེས་འབོད་སྐུལ་གནང་བའི་བར་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པའི་རྩ་བའི་འགོ་འཛུགས་སར་བརྩིས་ཡོད།
ལོ་ངོ་80ཡི་རིང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྨ་ཆུ་རྒྱུག་ཁུལ་གྱི་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་ནུས་དང་ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱས་ཏེ་མི་དམངས་ཀྱི་རྒྱལ་ཁའི་ཆུ་ཡུར་དང་། ཐའོ་ཧོ་ཆུ་བོ་སྐམ་སར་འདྲེན་པ་སོགས་ཀྱི་ལས་གྲྭ་ཁྲི་5.4ལྷག་ཙམ་བསྐྲུན་ཡོད། མིག་སྔར་རྨ་ཆུའི་ཆུ་གཞུང་ཨ་མའི་ཆུ་རགས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་3000ཟིན་པ་དང་ཆུ་རྒྱུད་ཧྲིལ་པོར་ཆུ་མཛོད་2768བསྐྲུན་ནས་ཆུ་ཤོང་ཚད་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་900ཙམ་ཟིན་པ་མ་ཟད། ཆར་ཆུ་དང་བྱེ་མའི་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག་རིམ་སྤོར་རྒྱུན་ཆད་མེད་པར་བྱས་ནས་ཆུ་དཔྱད་ས་ཚིགས་དང་། ཆུ་ཁ་ས་ཚིགས། ཆར་ཆུའི་ས་ཚིགས་བཅས་ཚུད་པའི་ལྟ་ཞིབ་ཚད་ལེན་གྱི་ས་ཚིགས་ཁྲི་1ལྷག་ཙམ་བསྐྲུན་ཡོད།
ཆུ་བེད་པུའུ་ཆུ་སྐྱོན་དང་ཐན་འགོག་སིའི་སི་ཀྲང་ཡའོ་ཝུན་ཀོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཆུ་འདྲེན་བྱེ་གཤོང་བྱས་ནས་འཛམ་གླིང་གི་གཙང་པོ་དང་ཆུ་བོ་ཆེ་གྲས་ལ་མི་ཐབས་ཀྱིས་བྱེ་ཆུ་སྙོམས་སྒྲིག་གི་ཐབས་ལམ་བཏོད་ཅིང་། མིག་སྔར་རྨ་ཆུའི་སྨད་རྒྱུད་ཀྱི་ཆུ་གཞུང་གཙོ་བོའི་ཆུ་ལམ་གྱི་གཏིང་ཚད་ཆ་སྙོམས་སྨི་3.1རིང་དུ་ཕྱིན་ཡོད་པ་དང་། ཆུ་གཞུང་གཙོ་བོའི་ཆུ་ལམ་མུ་མཐུད་རིང་དུ་དང་ཁ་ཞེང་ཆེ་རུ་ཕྱིན་པ། ཆུ་ལམ་གཙོ་བོའི་ཆུ་གཤོང་ཚད་དེ་སྔའི་སྐར་ཆ་རེར་སྨི་རྒྱ་དཔངས་ངོས་གྲུ་1800ཡང་མ་ཟིན་པ་ནས་སྐར་ཆ་རེར་སྨི་རྒྱ་དཔངས་ངོས་གྲུ་5000བར་ཆེ་རུ་ཕྱིན་ཡོད།
རྨ་ཆུས་རྒྱལ་ཡོངས་སུ་ཆུའི་ཐོན་ཁུངས་ཀྱི་2%ལས་མ་བཟུང་ནའང་། དེས་རྒྱལ་ཡོངས་ཀྱི་མི་འབོར་12%དང་། རྨོ་ཞིང་17%གྱི་ཆུའི་དགོས་མཁོ་འགན་ལེན་ཐུབ་པ་མ་ཟད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་14%འདེགས་སྐྱོར་ཐུབ་ཀྱི་ཡོད།
ཝང་པའོ་ཨེན་གྱིས། རང་རྒྱལ་གྱིས་སྔ་རྗེས་སུ་རྨ་ཆུ་ཐེན་ཅིན་དང་། མཚོ་སྔོན། ཧོ་པེ་བཅས་ལ་འདྲེན་པ་དང་། ཧན་ཅང་ཆུ་བོ་ཝེ་ཧོ་ཆུ་བོར་འདྲེན་པ་སོགས་རྒྱུག་ཁུལ་བརྒལ་བའི་ཆུ་འདྲེན་ལས་གྲྭ་ལག་ལེན་བསྟར་བས་ས་ཁོངས་ཀྱི་ཆུ་མཁོ་སྤྲོད་མི་འདང་བའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་ཕྱིན་ནས་སྐྱེ་ཁམས་ཉམས་ཞན་ཁུལ་གྱི་ཁོར་ཡུག་ལེགས་སུ་ཕྱིན་ཡོད། རྨ་ཆུ་རྒྱུག་ཁུལ་གྱིས་སྔ་ས་ནས་བཙན་ཤེད་རང་བཞིན་གྱི་ཆུ་སྤྱོད་བཅད་གྲངས་དོ་དམ་ལམ་ལུགས་བཙུགས་པ་དང་། ཁྲོན་པའི་ཆུ་དང་། ཆར་ཆུ། མཚོ་ཆུ། བསྐྱར་སྐྱེས་ཆུ་སོགས་རྒྱུན་གཏན་མིན་པའི་ཆུ་ཁུངས་གསར་སྤེལ་དང་བེད་ཡག་པོ་སྤྱད་དེ། རྒྱུག་ཁུལ་འདི་ཉིད་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་བསྐྱོད་པར་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས།
ཝང་པའོ་ཨེན་གྱིས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་ཆུ་བེད་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་རྨང་གཞི་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ཆུ་བེད་པུའུ་ཡིས་གཙོ་གནད་སྲུང་སྐྱོང་དང་འགག་རྩ་བཅོས་སྐྱོང་གི་འཐབ་ཇུས་བླང་བྱ་ཁོང་དུ་ཆུད་པར་བྱས་ནས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་དང་རྨ་ཆུའི་སྐྱེ་ཁམས་ལ་སྲུང་སྐྱོང་ཏན་ཏིག་བྱས་ཏེ་རྨ་ཆུ་འདི་ཉིད་མི་དམངས་ལ་བདེ་བ་སྐྲུན་པའི་བདེ་སྐྱིད་ཀྱི་ཆུ་བོར་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།