དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “2026ལོའི་འཛམ་གླིང་ཧྲི་ཀྲང་གི་གླེང་མོལ·ཉིང་པོ”ཡི་བྱེད་སྒོ་སྤེལ་བ།

    སྒོ་དབྱེ་མཉམ་འདྲེས། གོ་སྐབས་མཉམ་གཏོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཏའུ་ཧན་ཡང་།   |     སྤེལ་དུས།  2026-11-10

    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་མཛུབ་ཁྲིད་བྱས་པའི“2026ལོའི་འཛམ་གླིང་ཧྲི་ཀྲང་གི་གླེང་མོལ·ཉིང་པོ”ཡི་བྱེད་སྒོ་ཀྲེ་ཅང་ཉིང་པོ་རུ་སྤེལ་བ་རེད། བྱེད་སྒོར“སྒོ་དབྱེ་མཉམ་འདྲེས། གོ་སྐབས་མཉམ་གཏོད”བརྗོད་དོན་གཙོ་བོར་བྱས་ནས་རྒྱལ་ཁབ་15ཡི་གྲོང་ཁྱེར་20ཡི་ཧྲི་ཀྲང་དང་ཧྲི་ཀྲང་གི་འཐུས་ཚབ་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་དང་ཁེ་ལས་ཀྱི་འཐུས་མི་སོགས་མི་260ལྷག་ཙམ་ཞུགས་ཡོད་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས་སྒོ་དབྱེ་མཉམ་ལས་དང་། དཔལ་འབྱོར་ཚོང་དོན་འགྲོ་འོང་། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་སོགས་ཀྱི་གྲོས་གཞིར་དམིགས་ནས། སྤེལ་རེས་དང་མཉམ་འགུལ་གཏིང་ཟབ་བྱས་ཏེ་ཀྲུང་གོ་དང་ཕྱི་རྒྱལ་གྲོང་ཁྱེར་གྱི་རྒྱུན་རྣམ་ཅན་གྱི་གླེང་མོལ་དང་། ལམ་སྲོལ་ཅན་གྱི་སྤེལ་རེས། ཕུགས་ཕན་ཅན་གྱི་མཉམ་ལས་བཅས་སྔར་བས་འཚོལ་ཞིབ་བྱས་པ་རེད།

    དཔལ་འབྱོར་ཚོང་དོན་འགྲོ་འོང་བྱས་ནས་གྲུ་ཁའི་གྲོང་ཁྱེར་ཕན་ཚུན་འབྲེལ་མཐུད་དང་མཉམ་འདྲེས་བྱས་པ།

    ཤར་རྒྱ་མཚོའི་ངོགས་སུ་ཆགས་པའི་ཉིང་པོ་ཀྲོའུ་ཧྲན་གྲུ་ཁར་བྲེལ་བརྩོན་གྱི་རྣམ་པས་ཁེངས་ཡོད། ཤར་ཕྱོགས་གྲུ་ཁ་ཆེན་པོ་དེ་གྲུ་ཁ་20ལས་གྲུབ་པ་དང་དོས་སྒམ་སྐྱེལ་འདྲེན་མཚོ་ལམ་309ཡོད་པ་དེ་དག་རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་ལ་ཤར་གཏོང་ཐུབ་པ་དང་། 2025ལོར་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་14.32ཟིན་ནས་ལོ་17བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་པ་རེད། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་འདི་གར་ཡོང་སྐབས་ཉིང་པོ་ཡི་སྙུགས་ཤེད་འཕེལ་རྒྱས་དང་དེ་བཞིན་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་ཤུགས་ཚོར་ཐུབ་ཀྱི་ཡོད།

    ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་མེ་ཧྲན་གྲུ་ཁུལ་དུ་རྒྱལ་སྤྱིའི་ཟོག་འདྲེན་གྲུ་གཟིངས་རྒྱུན་མི་ཆད་པར་འགྲོ་འོང་བྱེད་པ་དང་། རང་འགུལ་ཅན་གྱི་རྒྱང་འཛིན་དཔྱང་ཟམ་ནས་བྲེལ་བརྩོན་ཆེན་པོས་འབེབས་འཇུག་གི་ལས་ཀ་བྱེད་པ། ལྗིད་འདེགས་འཕྲུལ་འཁོར་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པ། རིག་ནུས་དོས་སྒམ་སྐྱེལ་འདྲེན་འཕྲུལ་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་བཅས་ལས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་རང་འགུལ་ཅན་གྱི་ལས་སྒྲུབ་སྒྲིག་ཆས་ཀྱི་ཚོགས་པ་གྲུབ་ཡོད། གྲུ་ཁའི་ལྗང་མདོག་ཕྱོཌ་སྒྱུར་དང་བློ་གྲོས་རིམ་སྤོར་ལ་ཕྱི་རྒྱལ་སྐུ་མགྲོན་གྱི་བསྔགས་བརྗོད་ཡང་ཡང་ཐོབ་ཡོད།

    མོ་རི་ཐིའུ་སིའི་ལུའུ་དབྱི་སི་གྲུ་ཁའི་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་མེ་ཧོ་ཀྲ་པིན·ཨའེ་ཧྲ·ཁ་ལ་མུའུ་ཐ་ལི་ཉིང་པོར་ཐེངས་དང་པོར་ཡོང་ནས་ལྟ་སྐོར་བྱེད་ཞོར་དུ་ལག་ཐོགས་ཁ་པར་ནས་པར་ཡང་ཡང་ལེན་ཞིང་། ཁོང་གིས། ཉིང་པོ་ཡི་འཕེལ་རྒྱས་ཆུ་ཚད་དང་གྲོང་ཁྱེར་གྱི་གསོན་ཤུགས་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ལུའུ་དབྱི་སི་གྲུ་ཁའི་གྲོང་ཁྱེར་ནི་མོ་རི་ཐིའུ་སིའི་གྲོང་ཁྱེར་ཆེ་ཤོས་དང་གྲུ་ཁ་གཙོ་བོ་ཡིན་པས་གྲུ་ཁ་གཉིས་ཀྱིས་ལེགས་ཆ་གསབ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་ནས་འཛམ་གླིང་ཚོང་དོན་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཐུབ་ཅེས་གསར་འགོད་པར་བརྗོད།

    བརྗོད་དོན་གཙོ་བོ“སྙུགས་ཤེད་དང་འཕེལ་རྒྱས། གྲུ་ཁའི་གྲོང་ཁྱེར་ཕན་ཚུན་མཉམ་འབྲེལ་མཉམ་འདྲེས”ཀྱི་ཡུལ་རྣམ་གླེང་མོལ་བྱེད་སྒོའི་ཁྲོད། ཡ་ལི་ཁེ་ཧྲི་ཡིས། གྲུ་ཁས་འཛམ་གླིང་སྦྲེལ་མཐུད་ཐུབ་པ་དང་། མ་ཏ་ཀ་སི་ཁར་ཕྱོགས་ནས་ཀྲུང་གོའི་ཉིང་པོ་ཀྲོའུ་ཧྲན་གྲུ་ཁ་དང་འབྲེལ་མཐུད་བྱས་ཏེ། འཛམ་གླིང་དཔལ་འབྱོར་ལ་འཕྲད་པའི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་འདོད་ཡོད་ཅེས་བརྗོད།

    སྒོ་དབྱེ་མཉམ་ལས་བྱས་ནས་ཚན་རྩལ་གསར་གཏོད་ལས་གྲོང་ཁྱེར་ལ་འགྱུར་ལྡོག་བཏང་བ།

    བཟོ་སྐྲུན་ལས་རིགས་ནི་ཉིང་པོ་གྲོང་ཁྱེར་རྩ་བ་ཚུགས་པའི་གཞི་རྟེན་དང་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་རྨང་གཞི་ཡིན། རྒྱལ་ཡོངས་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་རྟེན་གཞི་གལ་ཆེན་ཡིན་པའི་ངོས་ནས། ཉིང་པོ་ཡིས་བཟོ་སྐྲུན་གྱི་གཞི་སྒྲོམ་སྟོབས་ཆེན་ལ་གཞི་ཚུགས་ཏེ་སྲོལ་རྒྱུན་ཐོན་ལས་ཀྱི་གསར་བརྗེས་རིམ་སྤོར་ལ་སྐུལ་འདེད་བཏང་ཞིང་། མིག་སྔར་རྒྱལ་ཁབ་རིམ་པའི་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པའི་ཨང་དང་པོ་ཐོབ་པའི་ཁེ་ལས་119དང་། ཆེད་ལེགས་ཁྱད་གསར“ཁེ་ལས་ཆུང་གྲས”511ཡོད་པ་རེད།

    ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཉིང་པོ་ཅུན་ཕུ་རིག་ནུས་བཟོ་སྐྲུན་མ་རྐང་ཚད་ཡོད་ཀུང་སིར་སྐྱོད་སྐབས་སྒོ་འགྲམ་གྱི་མགྲོན་བསུའི་རིག་ནུས་འཕྲུལ་མི་ངོ་མཚར་དང་ལྡན་པ་ཞིག་ཡོད་པ་དང་། བཟོ་གྲྭའི་འཁོར་ཁང་དུ་རིག་ནུས་འཕྲུལ་མིས་ཐོན་སྐྱེད་ལས་རིམ་གྱི་ལྷུ་ཚིགས་ཁག་ནང་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་བྱེད་བཞིན་ཡོད་པས་ཚན་རྩལ་གྱི་རྣམ་པ་ཟབ་མོ་ཡོད་པ་རེད།

    ཧྥ་རན་སེའི་ལུའུ་ཨང་གྲོང་ཁྱེར་ཆེན་པོའི་ཁུལ་གྱི་ཀྲུའུ་ཞི་གཞོན་པ་དང་ཧྲེང་ཨའེ་ཏི་ཨན-ཏི་ལུའུ་ཧྥུའུ་ལའེ་གྲོང་ཁྱེར་གྱི་ཧྲི་ཀྲང་རུའོ་ཨ་ཧྲང·མོ་དབྱི་སི་ཉམས་ལེན་ལ་ཞུགས་པར་གདན་དྲངས་པ་དང་འཕྲུལ་མིས་ཁོང་གི་བྱ་སྤྱོད་ལ་འཕྲལ་མར་ལད་མོ་བྱས་པ་རེད། འཕྲུལ་མི་དང་སྤེལ་རེས་བྱས་པ་ལས་ཁོང་གི་མིག་རྒྱང་ཡངས་སུ་ཕྱིན་པ་དང་། ཁོང་གིས“ཉིང་པོ་བཟོ་སྐྲུན”འཕྲུལ་མིར་སློབ་སྦྱོང་བྱེད་པའི་ནུས་པ་ཆེན་པོ་འདུག་ཅེས་བསྔགས་བརྗོད་བྱས་པ་རེད།

    བརྗོད་གཞི་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་གྲོང་ཁྱེར་ཁག་གི་འཐུས་མིས་ཐོན་ལས་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། སྒོ་དབྱེ་མཉམ་སྤྱོད་དང་ལེགས་ཆ་གསབ་རེས་ཀྱི་གསར་གཏོད་གཅིག་མཐུན་ཚོགས་པ་གཏོད་པ་སོགས་ཀྱི་གྲོས་གཞིར་ངོས་འཛིན་གཅིག་མཐུན་བྱུང་བ་སྟེ། རེས་སྐོར་གསར་པའི་ཐོན་ལས་གསར་བརྗེ་དང་ཚན་རྩལ་གསར་བརྗེ་གོ་སྐབས་སུ་བྱས་ནས་འཛམ་གླིང་གྲོང་ཁྱེར་གྱིས་སྒོ་དབྱེ་མཉམ་ལས་ཀྱི་ཉམས་འགྱུར་ཐོག་ནས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དག་ཐོན་སྐྱེད་དང་འཚོ་བའི་ནང་མཉམ་འདྲེས་རྒྱ་ཁྱབ་ཐུབ་པར་སྐུལ་འདེད་གཏོང་འདོད་ཡོད་པ་དེ་རེད།

    ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་ནས་བསྟུན་མཁས་མཉམ་འདུས་ཀྱིས་གོ་སྐབས་མཉམ་དུ་གླེང་བ།

    ཟླ་11ཚེས་3ཉིན་གྱི་བྱེད་སྒོ་གཙོ་བོ་སྤེལ་ཡུལ་དུ“ཁེ་ལས་སྟོང་གི་རིག་གནས་རླུང་གཡོར”གྱི་འགྲེམས་སྟོན་གྲུ་གཟིངས་མིག་མདུན་དུ་བཤམས་པ་དང་བསྟུན་ནས་ཤེས་དཔལ་གླེང་མོལ་འགོ་ཚུགས་པ་རེད།

    ཐམ་ག་གྲལ་སྟར་འགྲིག་པོས་སྒྲིག་པའི་ནང་ཧོ་མུའུ་ཏུའུ་རིག་གནས་སོགས་ཉིང་པོ་ཡི་ས་གནས་དེ་རང་གི་རྟགས་ཐམ་ཡོད་ལ་ཧྥ་རན་སེའི་ལུའུ་ཨང་དང་། ནེའུ་ཙི་ལན་གྱི་ཨའོ་ཁེ་ལན། ཁམ་ཕུ་ཁྲེའི་ཤིས་ཧ་ནུ་ཁེ་སོགས་རྒྱལ་ཁབ་ཁག་གི་གྲོང་ཁྱེར་གྱི་ཁྱད་ལྡན་མཚོན་རྟགས་ཀྱང་ཡོད། མར་ཏི་ཝེའི་ལ་མུའུ་ཧོན་ཅའོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧོའུ་སའེ་དབྱིན·ཧ་པི་པུའུ་ཡིས་ཐེལ་ཙེ་འཁྱེར་ནས་ཤོག་བུའི་སྟེང་མར་ཏི་ཝེ་དང་ཉིང་པོ་མཚོན་པའི་རྟགས་ཐམ་དམར་པོ་གཉིས་བརྒྱབ་པ་རེད། “དེ་ནི་དམིགས་བསལ་གྱི་ཕྱག་རྟགས་ཤིག་རེད”ཅེས་བརྗོད།

    ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་དེང་སྐབས་འཛམ་གླིང་གི་དུས་བབ་རྙོག་འཛིང་ཆེ་བ་དང་། ཞི་བདེ་ནི་དཔལ་འབྱོར་ཚོང་དོན་འགྲོ་འོང་དང་མི་ཆོས་རིག་གནས་ཕན་ཚུན་འབྲེལ་མཐུད་བྱེད་པའི་རྨང་གཞི་ཡིན། གླེང་མོལ་དེ་ནི་འཛམ་གླིང་ལ་ཕྱོགས་པའི་ཞི་བདེའི་གྲལ་སྒོར་ཞིག་དང་རྒྱལ་ཁབ་ཁག་གི་གྲོང་ཁྱེར་གྱི་འཐུས་མི་སོགས་ཉིང་པོ་རུ་འཛོམས་ནས་ཞི་བདེ་འཕེལ་རྒྱས་ཀྱི་རེ་བ་ཐུན་མོང་ཐོག་བསྐྱངས་པ་ཞིག་དང་འཛམ་གླིང་ལ་ཉིང་པོ་ཡི་རྒྱལ་སྤྱིའི་ཉམས་འགྱུར་མངོན་པར་བྱས་པ་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།